གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྱ་བརྔ་བའི་དུས་ཚོད་ཁར་ ཆརཔ་རྐྱབ་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ཚ་གྱང་།

སྤུ་ན་ཁ་ ལོདཔ་དབུས་སུ་ཁའི་ འབྱ་ཞིང་གི་མཐོང་སྣང་།
 ༡༡/༡༠/༡༢། ༉ རང་ཟླ་༨ པ་དང་༩ པ་དེ་ འབྱ་བརྔ་ནིའི་ དུས་ཚོད་ཅིག་ཨིན་རུང་ ཁ་ཉིནམ་ལས་ར་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ལུ་ ཆརཔ་རྐྱབ་མི་ལུ་བརྟེན་ འབྱ་བརྔ་ནི་ འགོ་བཙུགས་མི་ཚུ་གིས་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་བཞག་པའི་ཁར་ ལ་ལུ་ཅིག་གིས་ ཆརཔ་ཆད་ཞིནམ་ལས་ འབྱ་བསྡུ་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཨིན་པས།
སོ་ནམ་པ་ མང་ཤོས་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་པ་ཅིན་ འབྱ་ཚུ་ མེདཔ་གཏང་ནིའི་ ཉེན་ཁ་ཡོདཔ་ལས་ འབྱ་བརྔ་ནིའི་ལཱ་ ཕར་འགྱངས་འབད་དགོ་ནི་མས་ཟེར་ཨིནམ་ད་ འབྱ་བརྔ་ཚར་མི་ མགུ་ཏོ་ཚུ་ཡང་ ཆུ་གིས་སྦང་སྟེ་ མེདཔ་གཏང་ནིའི་ཉེན་ཁ་ཡོད་པའི་ཁར་ བརྔ་ནིའི་དུས་ཚོད་ལས་ བརྒལ་སོ་པ་ཅིན་ ཐོན་ཤུགས་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡང་ ཡོད་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ད་རེས་ཀྱི་ གནམ་གཤིས་ལུ་ལྟ་སྟེ་ དབུགས་འགམ་པའི་ཁར་ ཚ་གྱང་ཡང་ ལངམ་མས་ཟེར་ཨིནམ་ད་ དེ་ཡང་ དུས་ཅི་ ལྕང་ལཱའི་སྐབས་ ཆར་ཆུ་དཀོན་ནི་དེ་གིས་ ལྕང་ལཱ་ ཟླཝ་ལས་བཅད་དེ་ ཕྱིས་སོ་པའི་ཁར་ ན་འཐན་ར་ འབྱ་བརྔ་རནམ་ད་ ཆརཔ་རྐྱབ་ནི་དེ་གིས་ ཨིན་པས།
བརཔ་རྒེད་འོག་གི་ དབུས་སུ་ཁ་གཡུས་ཚན་ལས་ སྐྱེས་ལོ་༢༤ ལང་མི་ ཆོས་སྐྱིད་དབང་མོ་གིས་འབད་བ་ཅིན་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་བརྔ་མི་འབྱ་ཚུ་ ག་དེམ་ཅིག་སྦེ་ སྐམ་མ་ཚུགས་པ་ཅིན་ མེདཔ་ཐལ་འོང་ཟེར་ཨིནམ་ད་ འབྱ་བརྔ་ཞིནམ་ལས་ སྐམ་བཅུག་ནིའི་དོན་ལུ་ བདུན་ཕྲག་ལས་བཅད་དེ་ ཞིང་ནང་བརྡལ་བཞག་དགོཔ་ལས་ གལ་སྲིད་ ཆརཔ་རྐྱབ་པ་ཅིན་ ཆུ་གིས་སྦང་སྟེ་ མེདཔ་བཏངམ་ཨིན་ཟེར་ཨིན་པས།
ཆོས་སྐྱིད་དབང་མོ་གིས་ འབྱ་ཞིང་ཨེ་ཀར་༧ ནང་ ལྕངམ་འཛུགས་སྐྱོང་འབད་མི་ལས་ ཨེ་ཀར་༥ ཐོག་རྒྱུག་དང་ ཨེ་ཀར་༣ བགོ་བཤའི་ཐོག་ལུ་ཨིནམ་ད་ ད་རེས་ཀྱི་ ཆརཔ་དེ་གིས་ ལོ་༡ ལཱ་འབད་བའི་གྲུབ་འབྲས་ འཕྲོ་བརླག་འགྱོ་ནི་མས་ཟེར་ སླབ་ཨིན་མས།
དེ་བཟུམ་སྦེ་ མགུ་མ་རྒེད་འོག་ནང་ འབྱ་བརྔ་ནིའི་དུས་ཚོད་ ན་འཐན་རན་རུང་ ད་རེས་ཀྱི་ ཆརཔ་དེ་གིས་ བརྔ་མ་བཅུག་པར་ ལུས་ཡོདཔ་ད་ རྒཔོ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་རྐྱབ་པ་ཅིན་ འབྱ་འཚོ་ནིའི་ དུས་ཚོད་ལས་ ཐལ་ནི་མས་ཟེར་ཨིནམ་ད་ གལ་སྲིད་ དུས་ཚོད་ལས་བརྒལ་སོ་པ་ཅིན་ ཐོན་ཤུགས་ལུ་ ཐོ་ཕོགཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིང་པ་ལ་ལུ་ཅིག་གིས་ འབྱ་བརྔ་ཚར་བའི་ ཕུངམ་བརྩེགས་བཞག་མི་ཚུ་ ག་དེ་སྦེ་ སྐམ་ཚུགས་ག་ཟེར་བའི་ ཚ་གྱང་སྦོམ་ཡོད་ཟེར་ སླབ་ཨིན་པས།
དཀར་སྦྱིས་རྒེད་འོག་གི་ རྒེད་འོག་བདག་སྐྱོང་འགོ་དཔོན་ འཇིགས་མེད་བསམ་གྲུབ་ཀྱིས་འབད་བ་ཅིན་ རྒེད་འོག་ནང་ བདུན་ཕྲག་༢ དང་༣ དེ་ཅིག་གི་ ནང་འཁོད་ལུ་ འབྱ་བརྔ་ནིའི་ལཱ་ འགོ་བཙུགས་ནི་ཨིནམ་ལས་ ཆརཔ་རྒྱུན་མ་ཆད་པར་རྐྱབ་པ་ཅིན་ སོ་ནམ་པ་ཚུ་གི་ རྒྱུ་དངོས་མེདཔ་ གཏང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་ནང་ འབྱ་ལཱ་རྒྱ་ཆེ་དྲགས་འབད་མི་ ཤེལ་རྔ་ནང་ བཟུམ་ཅིག་ནང་འབད་བ་ཅིན་ འབྱ་ཚུ་ ཉིནམ་༡༠ དེ་ཅིག་གི་རྒྱབ་ལས་ བརྔ་ནི་ འགོ་བཙུགས་ནི་ཨིནམ་ལས་ དེ་བསྒང་ ཆརཔ་རྐྱབ་མ་བཅུག་པར་ ཉིམ་ཤར་བཅུག་ཟེར་བའི་ སྨོན་ལམ་བཏབ་དོ་ཟེར་ ཤེལ་རྔ་རྒཔོ་གིས་ སླབ་ཡོདཔ་ད་ རྒེད་འོག་ནང་ ཆུ་ཞིང་ཨེ་ཀར་༣,༠༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་ རིན་ཆེན་སྒང་ལུ་ཡང་ འབྱ་བརྔ་བའི་བར་ན་ར་ ཆརཔ་རྐྱབ་མི་ལུ་བརྟེན་ མཚམས་འཇོག་འབད་དགོཔ་ བྱུང་ཡོདཔ་ད་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ དུས་ཅི་ འབྱ་བརྔ་བའི་ དུས་ཚོད་ཁར་ རྣམ་རྟོག་དཔྱད་རིག་མེད་པར་ ཆརཔ་རྐྱབ་མི་དེ་གིས་ འབྱ་ལེགས་ཤོམ་སྦེ་བསྡུ་ནི་ལུ་ བར་རྐྱེན་རྐྱབ་ནི་བཟུམ་ཅིག་ མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment