གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་ཁ་ལས་ སྐྱིན་འགྲུལ་འཚོལ་དགོ་པའི་སྙན་ཞུ།

༡༡/༡༠/༡༢། ༉ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཐིམ་ཕུ་ལུ་སྦེ་ སྒེར་སྡེ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གྲོས་ཐག་བཅད་མི་དང་འཁྲིལ་ འདས་པའི་རེས་གཟའ་སྤེན་པ་ལུ་ སྒེར་སྡེ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ བློན་ཆེན་ངོ་ཚབ་ བློན་པོ་ཡེ་ཤེས་སྦྱིན་པ་དང་ཕྱད་ཐོག་ལས་ ད་རེས་ ཏི་རུ་མ་ལང་པའི་དཀའ་ངལ་ སེལ་ཐབས་ཀྱི་ གྲོས་འཆར་སྙན་ཞུ་ཅིག་ ཕུལ་ཡོདཔ་ཨིན་པས།
སྙན་ཞུ་དེ་ཡང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ཁྲི་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ སྒེར་སྡེ་གོང་འཕེལ་ཚོགས་པའི་དྲུང་ཆེན་ཚུ་གིས་སྦེ་ ཕུལ་ཡོདཔ་ཨིན་པས།
སྙན་ཞུ་དེ་ནང་ གཙོ་བོ་ར་ སྒེར་སྡེ་ཚུ་གི་དོན་ལུ་ གཞུང་གིས་ ཕྱི་ཁ་ལས་ སྐྱིན་འགྲུལ་ཚུ་འཚོལ་ཏེ་ དངུལ་ཁང་ཚུ་ནང་ བཙུགས་དགོ་པའི་སྐོར་ལས་ བཀོད་དེ་ཡོདཔ་ད་ དེ་ཡང་ སྒེར་སྡེ་དང་ དངུལ་ཁང་ཚུ་ ཁོང་ར་གིས་སྦེ་ ཕྱིའི་སྐྱིན་འགྲུལ་ཚུ་ ལེན་ཐབས་མེདཔ་ལས་ གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་བརྒྱུད་དེ་ སྐྱིན་འགྲུལ་ལེན་ནི་དེ་ ཐབས་ལམ་ཅིག་ཨིནམ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
མ་གཞི་ འབྲུག་གི་དངུལ་ཁང་གིས་ཚར་ཅིག་ རྒྱལ་སྤྱིའི་དངུལ་རྩིས་ལྟེ་བ་ལས་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཞུ་བ་འབད་ཡོདཔ་ཨིན་རུང་ དབང་འཛིན་གྱིས་ བཀག་ཆ་འབད་བཞག་ཡོདཔ་ལས་ དངུལ་ཁང་ཚུ་གིས་ ལེན་ཐབས་མེད་པ་ཅིན་ གཞུང་གིས་ལེན་ཐོག་ལས་ རྒྱལ་ཁབ་ཀྱི་དངུལ་ཁང་ཚུ་ལུ་ གཞུང་གི་སྐྱིན་འགྲུལ་བཟུམ་ཅིག་སྦེ་ གནང་དགོཔ་ཡོདཔ་སྦེ་ བཀོད་ནུག།
དེ་ནང་ འབྲུག་རྒྱུ་ནོར་གཞི་བཟུང་གི་ཁ་ཐུག་ལས་ ད་རེས་ གཞི་བཟུང་གིས་ འགོ་འདྲེན་འཐབ་དོ་ཡོད་མི་ ལས་འགུལ་སྦོམ་ཚུ་གི་དོན་ལུ་ གཞུང་གིས་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ལེན་གནང་པ་ཅིན་ གཞི་བཟུང་གིས་ དངུལ་ཁང་ནང་ལས་ དངུལ་བཏོན་དགོཔ་མེདཔ་ལས་ ཏི་རུ་མ་ལང་པའི་ དཀའ་ངལ་བྱུང་དགོཔ་མེད་ཟེར་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་གིས་ འགོ་འདྲེན་འཐབ་མི་ དར་དཀར་ཆུ་ གློག་མེ་ལས་འགུལ་དང་ གདུང་སམ་རྩི་ས་ལས་འགུལ་༢ ཀྱི་དོན་ལུ་ རྒྱལ་ཁབ་ཀྱི་དངུལ་ཁང་ཚུ་གིས་ ཟད་འགྲོ་སྦོམ་བཏང་ཡོད་མི་ལུ་བརྟེན་ དངུལ་གསོག་འཇོག་ཚུ་ རྒྱ་ཆེ་དྲགས་སྦེ་ མར་འབབས་སོང་ཡོདཔ་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་འབད་བ་ཅིན་ སྒེར་སྡེ་ཚུ་གིས་ ཕྱིའི་བསྐྱིན་འགྲུལ་ལེན་ནིའི་དོན་ལུ་ གཞུང་གིས་ གན་ལེན་མི་འབད་དོ་ཡོདཔ་ལས་ གལ་སྲིད་གཞུང་གིས་ གན་ལེན་འབད་བ་ཅིན་ སྒེར་གྱི་ལས་སྡེ་ཆེ་བ་ཚུ་གིས་ ཕྱིའི་སྐྱིན་འགྲུལ་ ལེན་ཚུགས་ནི་ཨིནམ་བཞིན་དུ་ རྒྱལ་ཁབ་ཀྱི་དངུལ་ཁང་ནང་ཡོད་པའི་ཏི་རུ་ཚུ་ སྒེར་སྡེ་ཆུང་བ་ཚུ་གིས་ ཐོབ་ཚུགས་ནི་ཨིནམ་སྦེ་ སྙན་ཞུའི་ནང་ བཀོད་ནུག།
ད་རེས་ཀྱི་གནས་སྟངས་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ནང་ དངུལ་ཁང་ཐེབས་ གཞི་བཙུགས་འབད་ནི་ཚུ་ བཀག་ཆ་འབད་དེ་ཡོདཔ་ལས་ ག་དེམ་ཅིག་སྦེ་ བཀག་ཆ་མ་འབད་བ་ཅིན་ དངུལ་ཁང་མངམ་སྦེ་ཐོན་པའི་སྐབས་ གསོག་འཇོག་གི་དངུལ་ཚུ་ཡང་ མངམ་སྦེ་ འཐོན་ནི་ཨིནམ་སྦེ་ སྒེར་སྡེ་ཚུ་གི་ སྙན་ཞུའི་ཡི་གུ་ནང་ཚུད་ནུག།
སྙན་ཞུ་དེ་ནང་ གྲོས་འཆར་བཀོད་དོ་བཟུམ་འབད་བ་ཅིན་ དངུལ་ཁང་ཚུ་ནང་ཡོད་པའི་ཏི་རུ་ཚུ་ དཔལ་འབྱོར་གྱི་དོན་ལུ་ ཕན་ཐོགས་ཅན་སྦེ་ ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ སྐྱིན་འགྲུལ་གྱི་ གཙོ་རིམ་བྱིན་དགོཔ་ཡོདཔ་ལས་ གཞུང་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་ཐོག་ གཙོ་རིམ་བཟུང་དགོཔ་ཨིན་རུང་ ཧེ་མ་ར་ དངུལ་ཁང་ཚུ་ནང་ དངུལ་བཙུགས་དགོཔ་དེ་ ཁག་ཆེཝ་ཨིན་པས།
དེ་བཟུམ་སྦེ་ དམིགས་བསལ་དུ་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ཚུ་གིས་ དཔལ་འབྱོར་གྱི་ལས་སྣ་ཚུ་ དོན་སྨིན་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ སྣུམ་འཁོར་དང་ འཕྲུལ་ཆས་སྦོམ་ཉོ་ནི་ཚུ་ བཀག་ཆ་འབད་དེ་ཡོད་མི་དེ་ཡང་ སྒོ་ཡངས་དྲགས་བཟོ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་མ་ཚད་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ གཞུང་གི་ གློ་བུར་གྱི་ཐབས་ལམ་ ལེ་ཤ་ཅིག་ར་ བཏོན་ཡོདཔ་ཨིན་རུང་ དེ་གིས་ ཕན་ཐོགས་སྦོམ་ཅིག་ མི་བྱུང་དོ་ཡོདཔ་ལས་ ལོག་བསྐྱར་ཞིབ་འབད་དགོཔ་སྦེ་ ཞུ་བ་འབད་ནུག།
གཞུང་གིས་བཏོན་མི་ གློ་བུར་ཐབས་ལམ་ཚུ་ཡང་ ལྷན་ཁག་ཚུ་ནང་ ཟད་འགྲོ་བརྒྱ་ཆ་༡༠ རེ་གིས་ མར་ཕབ་འབད་དགོཔ་ད་ བསྟན་རྒྱས་ལྷན་ཁག་གིས་ རྒྱལ་ཁབ་༣ པ་ཚུ་ལས་ གལ་ཅན་མེན་པའི་ ཅ་ཆས་ལེ་ཤ་ཅིག་ ནང་འདྲེན་འབད་མ་ཆོགཔ་ དེ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཁྲིམས་དོན་ཚུ་ལུ་བརྟེན་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་མ་ཚུགསཔ་སྦེ་ བཟོ་མི་ཚུ་ཨིན་པས།
ཧེ་མ་འབད་བ་ཅིན་ དངུལ་ཁང་ཚུ་གིས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ སྐྱིན་འགྲུལ་ཚུ་སྤྲོད་དེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་རུང་ ད་རེས་ མཚམས་འཇོག་འབད་མི་ལུ་བརྟེན་ཏེ་ དམིགས་བསལ་དུ་ ཤིང་འབྲས་ཀྱི་ལཱ་འབད་མི་སྡེ་ཚན་ཚུ་ལུ་ གནོད་པ་བྱུང་ཡོདཔ་ཨིན་པས།
དེ་འབད་ནི་དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་ མར་འབབས་སོང་ཡོདཔ་ལས་ ཕྱིར་ཚོང་སྐྱིན་འགྲུལ་ལམ་ལུགས་དེ་ལུ་ཡང་ གཙོ་རིམ་བྱིན་དགོཔ་སྦེ་ སྒེར་སྡེ་ཚུ་གིས་ ཞུ་བ་འབདཝ་ཨིན་པས།
དེ་དང་གཅིག་ཁར་ ད་ལྟོ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལས་འགུལ་ཚུ་གི་དོན་ལུ་ མ་དངུལ་ཚུ་ འཕྲོ་མཐུད་དེ་ར་བྱིན་དགོཔ་ད་ ལས་འགུལ་མང་ཤོས་ཅིག་གི་དོན་ལུ་ གཞུང་ལས་ གནང་བ་གྲོལ་མི་མ་དངུལ་ཚུ་ཡང་ དངུལ་ཁང་ཚུ་གིས་ བྱིན་མ་བཏུབ་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་ཚུ་གི་འོག་ལས་ར་ ལྟ་བཤལ་ལས་སྡེ་དེ་ དཔལ་འབྱོར་གྱི་ལས་སྣ་ གཙོ་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ཡང་ གཞུང་ལས་ རྒྱབ་སྐྱོར་མཛད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།


No comments:

Post a Comment