གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་དཔེ་མཛོད་ཁང་ནང་ དཔེ་དེབ་ཚུ་ ལོག་སྤྲོད་མ་བཏུབ་པའི་དཀའ་ངལ།

འཇིགས་མེད་རྡོ་རྗེ་དབང་ཕྱུག་ མི་མང་དཔེ་མཛོད་ཁང་།
 ༡༢/༡༠/༡༢། ༉ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ཡོད་པའི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ མི་མང་དཔེ་མཛོད་ཁང་ནང་ལས་ མི་ཚུ་གིས་ ཀི་དེབ་འབག་སོང་བའི་ཤུལ་ལུ་ མི་མང་ཤོས་ཅིག་གིས་ ཀི་དེབ་ཚུ་ལོག་སྤྲོད་མ་བཏུབ་པར་བཞག་ཡོདཔ་ཨིན་པས།
དེ་ཡང་ ཀི་དེབ་འབག་མིའི་འཐུས་མི་༣༠ དེ་ཅིག་གིས་མ་གཏོགས་ ཀི་དེབ་ལོག་སྤྲོད་པ་འོང་མི་མེདཔ་ལས་ ད་རིས་ཀྱི་ལོ་ནང་ བརྡ་བརྒྱུད་ནང་ ཁྱབ་བསྒྲགས་འབད་ཡོདཔ་མ་ཚད་ འཐུས་མི་ཚུ་ལུ་ བརྒྱུད་འཕྲིན་དང་ དྲན་བསྐུལ་གྱི་ཡི་གུ་ཚུ་ཡང་ གཏང་ཡོདཔ་ཨིན་པས།

མི་མང་དཔེ་མཛོད་ཀྱི་ འགནའཛིན་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་བར་ན་ཡང་ བསྡོམས་ཀྱིས་ ཀི་དེབ་༡༡༠༨ དེ་ཅིག་ ལོག་སྤྲོད་མ་བཏུབ་པར་ཡོད་ཟེར་ཨིནམ་ད་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ ཁྱབ་བསྒྲགས་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལས་༢༠༡༡ ཚུན་ ཀི་དེབ་འབག་ཞིནམ་ལས་ ལོག་མ་སྤྲོད་མི་ འཐུས་མི་སློབ་ཕྲུག་༤༦༣ དང་ ན་ལོན་༡༤༤ ཚུ་ ཡོདཔ་ཨིན་པས།
དེ་མ་ཚད་ འཐུས་མི་གོ་གནས་འཆང་མི་ཚུ་གིས་ ཉེན་སྲུང་གི་དོན་ལུ་ དངུལ་ཚུ་བཙུགས་བཞག་དགོཔ་ཨིནམ་ད་ ཀི་དེབ་ དུས་ཚོད་ཁར་ལོག་མ་སྤྲོད་མི་ ཡོངས་བསྡོམས་༡༥༦,༩༧༠ ཡོདཔ་ད་ ཉེན་སྲུང་གི་དོན་ལུ་ དངུལ་བཙུགས་བཞག་མི་༡༨༩,༧༥༠ དེ་ཅིག་ཡོདཔ་ཨིན་པས།
དཔེ་གཉེར་པ་གིས་སླབ་མིའི་ནང་ མི་ཚུ་གིས་ ཀི་དེབ་ལེན་འབག་ཞིནམ་ལས་ ལོག་མ་སྤྲོད་པར་བཞག་ནི་དེ་ ལང་ཤོར་ཐལ་སོ་ནུག་ཟེར་ཨིནམ་ད་ དཔེ་མཛོད་གཞི་བཙུགས་འབད་དེ་ མི་ལོ་༣༤ དེ་ཅིག་སོང་རུང་ ད་ལྟོའི་བར་ན་ཡང་ བསྒྱུར་བཅོས་མ་འགྱོ་བས་ཟེར་ཨིན་པས།
དཔེ་མཛོད་ལས་རོགསཔ་ ཚེ་རིང་ཕུན་ཚོགས་ཀྱིས་ སྤྱི་ལོ་༢༠༠༦ ལས་ དཔེ་མཛོད་ཁང་ནང་ལཱ འབད་ཡོདཔ་ད་ ཁོ་གིས་སླབ་མི་ནང་ འཐུས་མི་ཚུ་ལས་ ཀི་དེབ་དུས་ཚོད་ཁར་མ་སྤྲོད་མིའི་ ཆད་བསྡུ་ལེན་འབད་མིའི་དངུལ་དེ་ འདས་པའི་ཟླཝ་ནང་ རྩིས་ཞིབ་འབད་ཡི་ཟེར་ཨིན་པས།
ཀི་དེབ་ཚུ་འབག་ནིའི་དོན་ལུ་ ན་ལོན་ཚུ་གིས་ ཉེན་སྲུང་འཐུས་དངུལ་ཀྲམ་༥༠ དང་ སློབ་ཕྲུག་ཨ་ལུ་ཚུ་གིས་ དངུལ་ཀྲམ་༢༥ རེ་སྤྲོད་དགོཔ་སྦེ་ལམ་ལུགས་ཡོད་རུང་ དུས་ཅི་ལས་ འཐུས་མིའི་གྲངས་སུ་འཛུལ་མི་ཚུ་གིས་ འཛུལ་འཐུས་དང་ ཉེན་སྲུང་གི་འཐུས་ཚུ་ བཙུགས་མ་དགོཔ་ཨིན་པས།
དེ་འབདཝ་ད་ འཐུས་མི་ཚུ་གིས་ ཀི་དེབ་འབག་པའི་ཤུལ་ལུ་ ལོག་མ་སྤྲོདཔ་འདྲཝ་ཅིག་འབད་བ་ཅིན་ ཀི་དེབ་དེ་ཚབ་བཙུགས་དགོ་ནི་དང་ ཡང་ཅིན་ ཀི་དེབ་བྱང་སྟོར་ཤོར་སོ་པ་ཅིན་ ཀི་དེབ་ཀྱི་གོང་ཚད་ག་དེ་ཅིག་གནས་ནི་ཨིན་ན་ དེ་གི་ལོག་ལྟབ་སྦེ་ སྤྲོད་དགོ་ཟེར་ དཔེ་གཉེར་པ་གིས་ སླབ་ཨིན་པས།
ད་ཚུན་ དཔེ་མཛོད་ཀྱི་འཐུས་མི་ བསྡོམས་ཀྱི་༡༧༠༢ ཡོདཔ་ད་ དེ་གི་གྲས་ལས་ འཐུས་མི་༡༠༩༡ དེ་ཅིག་ སློབ་ཕྲུག་ཨ་ལུ་དང་ འཐུས་མི་༦༡༡ ན་ལོན་ཚུ་ ཡོདཔ་ཨིན་པས།
མི་མང་དཔེ་མཛོད་ནང་ལུ་ ཉིན་བསྟར་བཞིན་དུ་ འཐུས་མི་༤༠ དང་༡༠༠ དེ་ཅིག་གིས་ ཀི་དེབ་ ལེན་པར་འོངམ་མས་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ ཀི་དེབ་༣༠ དེ་ཅིག་ ལོག་སྤྲོད་དགོ་པའི་དུས་ཚོད་ཚང་ཡོདཔ་ད་ ཀི་དེབ་སྤྲོད་ནིའི་དུས་ཚོད་ལས་ཕྱིས་ཏེ་འོང་པ་ཅིན་ དེ་ལུ་ ཉེས་བྱ་ ཉིན་བསྟར་བཞིན་དུ་ ཕྱེ་ཀྲམ་༥༠ རེ་རྩིས་རྐྱབ་སྟེ་སྤྲོད་དགོ་ཟེར་ དཔེ་མཛོད་ལས་རོགསཔ་གིས་ སླབ་ཨིན་པས།
དཔེ་མཛོད་ནང་ལུ་ ལོ་བསྟར་བཞིན་དུ་ ཀི་དེབ་༢༠༠ དེ་རེ་ བྱང་སྟོར་ཤོརཝ་མས་ཟེར་ཨིནམ་ད་ ཀི་དེབ་ལོག་མ་སྤྲོད་པར་བཞག་མི་ དུས་ཡུན་རིང་ཤོས་ར་ སྤྱི་ལོ་༢༠༠༨ ཟླ་༡ པ་ལས་འགོ་བཙུགས་ ན་ཧིང་ཚུན་ ལུས་མི་དེ་ཨིན་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ མི་མང་དཔེ་མཛོད་ཁང་ནང་ ཀི་དེབ་སྟོང་ཕྲག་ལྷགཔ་ཅིག་ ཉོ་ནིའི་དོན་ལུ་ ཁྲོམ་སྡེ་ལས་འཛིན་གྱི་ འཆར་དངུལ་ དངུལ་ཀྲམ་འབུམ་༦༠༠,༠༠༠ གནང་ཡོདཔ་མ་ཚད་ ཀི་དེབ་དེ་ འདྲ་གསུམ་དེ་རེ་ ཉོ་དགོཔ་མ་ཚད་ ཉེ་མཁོའི་དཔེ་དེབ་ཚུ་ དཔེ་མཛོད་ཁང་ནང་ལས་ རིན་བསྡུར་བཙུགས་ཏེ་ ལེན་དགོ་པའི་ཁར་ ཀི་དེབ་གསརཔ་བཞག་ནིའི་ས་གོ་གསར་བཏོན་འབད་ནིའི་དོན་ལུ་ ཀི་དེབ་༦༠༠ དེ་ཅིག་ རིན་གོང་༢༥ ལས་༡༠༠ འི་བར་ན་ རིན་བསྡུར་འབད་དེ་ལེན་བའི་ཁར་ ཀི་དེབ་ཧྲལ་མི་༣༠༠ དེ་ཅིག་ བཀོག་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ མི་མང་དཔེ་མཛོད་ཁང་དེ་ རྒྱ་འབྲུ་ག་མཐུན་འབྲེལ་ཚོགས་པའི་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༡༩༧༨ ལུ་ གཞི་བཙུགས་འབད་ཡོདཔ་ད་ ཧེ་མ་ དམིགས་བསལ་གྱི་ལྷན་ཚོགས་འོག་ལུ་ཨིན་པའི་ཁར་ སྤྱི་ལོ་༢༠༠༠ སྤྱི་ཟླ་༨ པའི་ནང་ ཐིམ་ཐུ་ཁྲོམ་སྡེ་ལས་འཛིན་འོག་ལུ་ ཚུད་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment