གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་ཡན་ལག་ཅ་ཆས་ཚུ་ བྱང་སྟོར་མིའི་ནང་ དོགས་པ་ཅན་༤ འཛིན་བཟུང་།

༡༢/༡༠/༡༢། ༉ སྤྱི་ཟླ་༡༠ པའི་ཚེས་༡༠ གྱི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་༧ ལས་༤ འཛིན་བཟུང་འབད་ནུག།
དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱི་འོག་ལུ་ གློག་མེ་བཟོ་སྐྲུན་གྱི་ ལཱ་འབད་བའི་བསྒང་ཡོད་མི་ཚུ་གི་དོན་ལུ་ཨིན་མི་ གློག་མེ་རྒྱུན་སྤེལ་གྱི་ ཀ་ཆེན་ཅ་ཆས་ཚུ་ བྱང་སྟོར་ཤོར་ཡོད་པའི་སྐོར་ ཁག་འབགཔ་ཇི་ཨའི་ཨེར་ཟེར་མི་ ག་མཱོན་ཨིན་ཌི་ཡ་ལས་སྡེ་དང་ ཇེ་ཨེསི་ཨེལ་ཟེར་མི་ ཇོའི་ཏི་ཨིསི་ཊག་ཅར་ལས་སྡེ་༢ ཀྱིས་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ད་རུང་ ཇི་ཨའི་ཨེལ་དང་ ཇེ་ཨེསི་ཨེལ་ཁག་འབག་ལས་ཚོགས་༢ ཀྱིས་ ཁ་ཉེས་བཀལ་མིའི་ནང་ འབྲུག་གློག་མེ་ལས་འཛིན་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ དཔག་བསམ་ཁ་ལུ་ ལྕགས་བཟོ་འཕྲུལ་ཁང་ཚུ་ནང་ ཞིབ་དཔྱད་རྐྱབ་ད་ བྱང་སྟོར་མི་ གློག་མེའི་ཀ་ཆེན་གྱི་ ལྕགས་ལེབ་ཚུ་ ལྕགས་བཟོ་འཕྲུལ་ཁང་ཅིག་ནང་ཡོདཔ་ མཐོང་ནུག་ཟེར་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ གློག་མེའི་ཀ་ཆེན་ཚུ་ལྷོངམ་ད་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཀ་ཆེན་གྱི་ ཡན་ལག་ཆ་ཤས་ཅིག་ བྱང་སྟོར་ཤོར་ཡོདཔ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་ ཕུན་ཚོགས་གླིང་ལས་ ཚེས་གྲངས་སོ་སོའི་ནང་ སོང་ནུག་ཟེར་ཨིནམ་ད་ ད་ལྟོའི་ དོགས་པ་ཅན་ཚུ་ ཕུན་ཚོགས་གླིང་ལས་ སྤྱི་ཟླ་༩ པའི་ཚེས་༢༩ དང་༣༠ ལུ་ སོང་མི་ཚུ་ཨིནམ་ལས་ དེད་གཡོགཔ་གཞན་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་སོང་རུང་ ད་ལྟོའི་བར་ན་ཡང་ དོས་རྩིས་མ་སྤྲོད་པར་ཡོད་མི་ ཊཱག་གི་དེད་གཡོགཔ་གཞན་༢ འཚོལ་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དོགས་པ་ཅན་ཚུ་ ཁོང་རའི་ཊཱག་བཏང་སྟེ་ ཕུན་ཚོགས་གླིང་ལུ་འོང་པའི་ལམ་ཁར་ ས་གནས་མཁར་པཱན་ཌི་ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁ་ལས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
དོགས་ཅན་ཚུ་གིས་ ཀ་ཆེན་གྱི་ ལྕགས་ཆས་ཚུ་ སོར་ཅན་ཚུན་ སྐྱེལ་འདྲེན་འབད་བའི་ཤུལ་ལུ་ དེ་ཁ་ལས་ ལྕགས་རོ་ཚོང་འབྲེལ་འཐབ་མི་ ཕྱི་མི་ཅིག་གིས་ ལེན་འབག་ཡོདཔ་སྦེ་ ཁ་བཟེད་ཡོད་རུང་ དེད་གཡོགཔ་ཚུ་ ལྕགས་རག་རོ་ཚུ་བཙོང་པར་ དཔག་བསམ་ཁ་བཟོ་གྲྭའི་ས་ཁོངས་ནང་ མ་འགྱོ་བས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེད་གཡོགཔ་ཚུ་ ཀ་ཆེན་གྱི་ ཡན་ལག་ཅ་ཆས་ཚུ་ ལྕགས་རོ་ཚོང་འབྲེལ་འཐབ་མི་ལུ་ རྩིས་སྤྲོད་ཞིནམ་ལས་ ལོག་འོང་ཡོདཔ་ཨིན་རུང་ ལྕགས་རག་རོ་ཚོང་འབྲེལ་འཐབ་མི་དེ་གིས་ ཡན་ལག་ཅ་ཆས་ཚུ་ ཐད་ཀར་དུ་ དཔག་བསམ་ཁ་ལུ་འབག་སྟེ་ བཟོ་གྲྭ་ཁང་ཚུ་ལུ་ བཙོང་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་དགོཔ་ཡོད་ཟེར་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་མིའི་ནང་ དེད་གཡོགཔ་ལ་ལུ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ལྕགས་རོ་ཚོང་པ་དེ་གིས་ ཡན་ལག་ཅ་ཆས་ཚུ་ ཊི་པར་ཊཱག་ཅིག་ནང་ བཙུགས་ཡོདཔ་སྦེ་ སླབ་མ་ཚད་ ལ་ལུ་ཅིག་གིས་འབད་བ་ཅིན་ འཁོར་ལོ་༡༠ འབད་མི་ སྣུམ་འཁོར་ཊཱག་ཅིག་ནང་ བཙུགས་འབག་འོང་དེས་ཟེར་ སླབ་མི་ལུ་བརྟེན་ ཚོང་པ་དེ་གིས་ ཅ་ཆས་ཚུ་ ག་དེ་སྦེ་ ཉོ་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཚུ་ལུ་ དྲི་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དེད་གཡོགཔ་ཚུ་ དོ་དམ་འོག་ལུ་ བཞག་ནི་དེ་གིས་ ཊཱག་གི་ཇོ་བདག་ཚུ་ལུ་ རང་སོའི་སྣུམ་འཁོར་ཚུ་ བདའ་འགྱོ་དགོཔ་སྦེ་ ཁྲིམས་སྲུང་འགག་པ་གིས་ བརྡ་སླབ་ཡོདཔ་ཨིན་པས།
དངུལ་ཀྲམ་དུང་ཕྱུར་༥.༨ འབད་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༤ ལུ་ མཇུག་བསྡུ་དགོཔ་སྦེ་ སྤྱི་ལོ་༢༠༡༠ ལུ་ འབྲུག་གློག་མེ་ལས་འཛིན་ལུ་ ཁག་འབག་ཐོག་ སྤྲོད་ཡོདཔ་ཨིན་པས།
གེ་མཱོན་ལས་སྡེ་ལས་ མུག་ཏི་ནཱཐ་ནེ་པཱལ་གྱིས་ སླབ་མིའི་ནང་ གློག་མེའི་ཀ་ཆེན་གྱི་ ལྕགས་ལེབ་ཚུ་འབག་མི་ སྣུམ་འཁོར་ཊཱག་ཚུ་གི་ ལྗིད་ཚད་འཇལ་བའི་སྐབས་ ལྗིད་ཚད་མེ་ཊིག་ཊཱན་༣༠ རེ་འབག་མི་ ཊཱག་༧ ལས་ དོས་ཚད་མེ་ཊིག་ཊཱན་༢༥ ཆད་ཐོན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
འདས་པའི་ཟླཝ་དག་པ་ཅིག་གི་རིང་ལུ་ གློག་མེའི་ཀ་ཆེན་གྱི་ ཡན་ལག་ཅ་ཆས་མེ་ཊིག་ཊཱན་༢༠༠ དེ་ཅིག་དང་ གཟེར་དང་བསྡམ་ཆས་མེ་ཊིག་ཊཱན་༡༥ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་ མངོན་གསལ་བྱུང་ཡོད་རུང་ ག་དེ་སྦེ་ བྱང་སྟོར་ཤོར་ཤོརཝ་ཨིན་ན་ ད་ལྟོ་ཚུན་ཚོད་ ཧ་གོ་མ་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
ད་ཚུན་གྱི་བར་ན་ ཁག་འབག་ལས་སྡེ་༢ ཀྱིས་ གློག་མེའི་ཀ་ཆེན་ཡོངས་བསྡོམས་༤༨༢ ལྷོང་དགོ་མི་ལས་༡༨༨ མཇུག་བསྡུ་ཡོད་པའི་གནས་ཚུལ།

No comments:

Post a Comment