གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་ཀ་ཆེན་ བཟོ་ནི་གི་ལྕགས་ལེབ་ བྱང་སྟོར་ཤོར་མི་ལུ་ཞིབ་དཔྱད།

 ༡༠/༡༠/༢༠༡༢། ༉ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ལས་ གློག་ཐག་འཐེན་ནིའི་དོན་ལུ་ རྒྱ་གར་ལས་ གློག་མེའི་ཀ་ཆེན་བཟོ་ནི་གི་ ལྕགས་ལེབ་ཚུ་ ནང་འདྲེན་འབད་བའི་སྐབས་ ལམ་བར་ན་ལས་ བྱང་སྟོར་ཤོར་ཡོད་པའི་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ ད་རེས་ ཕུན་ཚོགས་གླིང་དང་ དཔག་བསམ་ཁའི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པས།
ཆག་པ་སྦེ་ བསྡམས་ཏེ་ཡོད་མི་ ལྕགས་ལེབ་ཚུ་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་ནང་ལས་ འབྲུག་པའི་ སྣུམ་འཁོར་ཊཱག་ཚུ་ནང་ བཙུགས་ཏེ་ ལྗིད་ཚད་འཇལ་སའི་ ཟམ་གུ་བཀལ་ཏེ་ འཇལ་ཡོདཔ་ཨིན་རུང་ དེ་བསྒང་ དབང་འདུས་ཕོ་བྲང་ལུ་ ལྗིད་ཚད་འཇལ་སའི་ ཟམ་མེདཔ་ལས་ ལྕགས་ཚུ་བཏོན་སའི་ས་ཁོངས་ ཝཱག་ལེ་ཊར་ལུ་ ལྷོད་པའི་སྐབས་ ཁུར་ཆ་ཚུ་ ག་ཨིནམ་སྦེ་ར་ བཏོན་བཞག་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ཁམས་ ཧིན་དུསི་ཏཱན་བཟོ་སྐྲུན་ལས་སྡེ་གིས་ སྤུ་ན་གཙང་ཆུ་ལུ་ ལྗིད་ཚད་འཇལ་སའི་ཟམ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ གློག་ཐག་འཐེན་ནིའི་ ཁག་འབག་གི་ལཱ་འབད་མི་ རྒྱ་གར་གྱི་ གེ་མཱོན་དང་ ཇོ་ཏི་ལས་སྡེ་གིས་ དེ་ཁར་འཇལ་བའི་སྐབས་ ལྗིད་ཚད་མ་ལངམ་སྦེ་ མཐོང་ཡོདཔ་ཨིན་པས།
རྒྱ་གར་གྱི་ ལས་སྡེ་༢ ལུ་ ཁག་འབག་གི་ལཱ་དེ་ འབྲུག་གློག་མེ་ལས་འཛིན་གྱིས་ སྤྲོད་ཡོདཔ་ད་ འབྲུག་གློག་མེ་ལས་འཛིན་གྱི་མདོ་ཆེན་ མགོནམ་ཚེ་རིང་གིས་འབད་བ་ཅིན་ བཟོ་སྐྲུན་ལས་སྡེ་༢ ཀྱིས་ དོགས་སྣང་ཐོག་ལས་ ཅ་ཆས་ཚུ་ ལྗིད་ཚད་འཇལ་བའི་སྐབས་ ཊཱག་རེ་ལས་ ལྕགས་ཏཱོན་༣ དང་༤ དེ་རེ་ ཆད་ལུས་ཐོན་ཡོདཔ་སྦེ་ མཐོང་ནུག་ཟེར་ སླབ་ཨིན་པས།
དེ་བསྒང་ ལྕགས་ཚུ་འབག་སྟེ་ དབང་འདུས་ལུ་ལྷོད་མི་ དེད་གཡོགཔ་ཚུ་གིས་ ས་ཁོངས་ནང་ དབྱེ་ཞིབ་འབད་དོ་ཡོད་པའི་སྐོར་ལས་ ཕུན་ཚོགས་གླིང་ལུ་ཡོད་མི་ དེད་གཡོགཔ་ཚུ་ལུ་ བརྡ་ལན་འབད་ཡོདཔ་ལས་ ཤུལ་ལས་འོང་མི་ དེད་གཡོགཔ་ཚུ་གིས་ ལྗིད་ཚད་འཐོན་ནིའི་དོན་ལུ་ ཊཱག་ནང་ རྡོ་སྦོམ་ཚུ་ཡང་ བཙུགས་འབག་འོང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཉེས་ལས་ནང་འབྲེལ་གཏོགས་ཡོད་མི་ སྣུམ་འཁོར་ཊཱག་༨ དེ་ཅིག་ བདའ་ཟུན་ཏེ་ཡོད་ཟེར་ཨིནམ་ད་ ས་གནས་ཁག་ཚུ་ནང་ ཀ་ཆེན་བཟོ་བཀོད་འབད་མི་ ལས་སྡེའི་ལས་མི་ཚུ་གིས་ ལྕགས་ལེབ་ཚུ་བསྒྲིག་སྟེ་ ཀ་ཆེན་བཟོ་བའི་སྐབས་ ཀ་ཆེན་ལ་ལུ་ཅིག་གི་དོན་ལུ་ རྐངམ་གི་ཡན་ལག་དང་ ལ་ལུ་ཅིག་ བར་ནའི་ལྕགས་ལེབ་ཚུ་ མ་ཚངམ་ལེ་ཤ་ཅིག་ར་ ཐོན་མི་ལུ་བརྟེན་ སྐྱེལ་འདྲེན་འབད་བའི་སྐབས་ ཉེས་ལས་བྱུང་བའི་ དོགས་པ་ ཆགས་ཡོདཔ་ཨིན་པས།
འདས་པའི་རེས་གཟའ་ཉི་མ་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་སྡེ་ཚན་ཅིག་གིས་ དཔག་བསམ་ཁ་ བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ནང་ བཤལ་འགྱོ་བའི་སྐབས་ བྱང་སྟོར་ཤོར་མི་ལྕགས་ལེབ་ཚུ་ བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ བཞག་ཡོདཔ་མཐོང་ནུག།
དེ་གི་ནངས་པར་ ཁྲིམས་སྲུང་འགག་པ་ཚུ་ཁྱིད་དེ་ བཟོ་གྲྭ་འཕྲུལ་ཁང་གི་ ནང་ན་ལས་ཕར་ འཚོལ་ཞིབ་འབད་བའི་སྐབས་ ལྕགས་ལེབ་ལེ་ཤ་ཅིག་ར་ མཐོང་ཡོདཔ་མ་ཚད་ ལ་ལུ་ཅིག་ ལྕགས་ཤོག་ཚུ་གིས་ བཀབ་བཞག་ཡོདཔ་སྦེ་ མཐོང་ཡི་ཟེར་ མགོནམ་ཚེ་རིང་གིས་ སླབ་ཨིན་པས།
ཨིན་རུང་ གློག་མེའི་ ཀ་ཆེན་གྱི་ལྕགས་ལེབ་ཚུ་ ས་ཁོངས་དེ་ནང་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ དབྱེ་ཞིབ་འབད་ནི་ཨིན་པས།
མགོནམ་ཚེ་རིང་གིས་འབད་བ་ཅིན་ མ་གཞི་ ཁག་འབག་གི་ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ཚར་བའི་ཤུལ་ལུ་ དེ་བཟུམ་མའི་ བྱང་སྟོར་རེ་ཤོར་རུང་ ཁག་འབགཔ་ཁོང་ར་གིས་ ཉེན་ཁ་འབག་དགོཔ་ཨིན་རུང་ འབྲུག་གློག་མེ་ལས་འཛིན་དེ་ ལས་འགུལ་དེ་གི་ མཉམ་འབྲེལ་བ་འབད་ནི་དེ་གིས་ དཀའ་ངལ་བསལ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ལས་ ལྷ་མོའི་རྫིང་ཁ་ཚུན་ གློག་ཐག་འཐེན་ནིའི་ ཁག་འབག་གི་ལཱ་དེ་ཡང་ སྤྱི་ལོ་༢༠༡༠ ལུ་ སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ མཇུག་བསྡུ་དགོ་པའི་ལཱ་དེ་ ད་རེས་ འབད་བའི་བསྒང་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་ ལྷ་མོའི་རྫིང་ཁ་ཚུན་ ཀི་ལོ་མི་ཊར་༨༦ རེ་འབད་མི་ གློག་ཐག་ཁག་༢ སྦེ་ འཐེན་ནི་ཨིནམ་ད་ ཁག་རེའི་ནང་ ཀ་ཆེན་༢༢༠ ལས་༢༥༠ དེ་ཅིག་ བཙུགས་དགོཔ་ཨིན་པས།
ལྕགས་ཚུ་ ཆད་ལུས་ཐོན་པའི་སྐོར་ལས་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment