གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟ་ཁང་ཚུ་ལུ་ མེ་རླུང་རྒྱ་རྫི་ལངམ་མ་ཐོབ་པའི་ཉོགས་བཤད།

༡༠/༡༠/༢༠༡༢། ༉ འཕྲལ་ཁམས་ཅིག་ལས་ རྒྱལ་ཁབ་ནང་འཁོད་ལུ་ བཞེས་སྒོ་འབད་ནི་གི་ མེ་རླུང་རྒྱ་རྫི་ལངམ་མ་ཐོབ་པའི་ དཀའ་ངལ་འབྱུང་ནི་ འགོ་བཙུགས་ཡོད་མི་དེ་ཡང་ རྒྱ་གར་ལས་ རྒྱ་རྫི་ལྷོད་ནིའི་དོན་ལུ་ མི་ཚུ་ བཀྲམ་སྤེལ་ཁང་གི་སྒོ་ཁར་ ཡུན་རིངམོ་སྦེ་ བསྒུག་དགོཔ་མ་ཚད་ ལ་ལུ་ཅིག་ རྒྱ་རྫི་མ་ཐོབ་པར་ དབུགས་འགམ་སྟེ་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་ཨིན་པས།
མེ་རླུང་རྒྱ་རྫི་ལངམ་སྦེ་ མ་ཐོབ་པའི་སྐོར་ ཁྱིམ་ནང་ལག་ལེན་འཐབ་མི་ཚུ་གིས་ ཉོགས་བཤད་བཀོད་ནི་མེད་རུང་ ཟ་ཁང་ཚུ་གིས་ ཁོང་ལུ་ དགོས་མཁོ་བྱུང་མི་དང་འཁྲིལ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ངེ་གི་ཟ་ཁང་ནང་ བཞེས་སྒོ་འབད་ནིའི་ མེ་ཐབ་༥ ཡོད་རུང་ བཀྲམ་སྤེལ་ཁང་ནང་ ལན་ཐེངས་༥ སོང་པའི་ཤུལ་ལུ་ མེ་རླུང་རྒྱ་རྫི་༤ མ་གཏོགས་ ཐོབ་མ་ཚུགས་ཟེར་ བསམ་གྲུབ་ལྗོངས་མཁར་ལུ་ ཟ་ཁང་བཙུགས་མི་ཅིག་གིས་ སླབ་ཨིན་པས།
ལྷུན་རྩེ་དང་ བཀྲིས་སྒང་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་ཚུ་ མ་ལྷོད་པར་ བདུན་ཕྲག་༣ ལང་ཡོདཔ་ལས་ བཞེས་སྒོ་ཚུ་ གློག་ཆས་ཀུ་ཀར་ཚུ་ནང་ འབད་དོ་ཟེར་ཨིནམ་ད་ ང་བཅས་ལུ་ ཟ་ཁང་ཚུ་བཟུམ་སྦེ་ དཀའ་ངལ་སྦོམ་མ་བྱུང་ཟེར་ བཀྲིས་སྒང་ལུ་ སྡོད་མི་ཅིག་གིས་ སླབ་ཨིན་པས།
ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་ནང་ མེ་རླུང་རྒྱ་རྫི་༢༣༠ ལྷོད་མི་ཚུ་ དུས་ཡུན་ཆུ་ཚོད་༡ གི་ནང་འཁོད་ལུ་ར་ བགོ་བཀྲམ་འབད་ཚར་ཡོདཔ་ད་ མེ་རླུང་རྒྱ་རྫི་ཚུ་ ཨ་སམ་གྱི་ཁྲོམ་སྡེ་ གུ་ཧ་ཊི་ལས་ འབག་མ་འོང་པར་ ཉིན་གྲངས་༢༠ ལྷགཔ་ཅིག་ སོང་ཡོདཔ་བཞིན་དུ་ ཨ་རྟག་འབད་བ་ཅིན་ ཉིན་གྲངས་༢ ཀྱི་བར་ན་ཚར་རེ་ འབག་འོང་ནི་ཡོདཔ་ཨིན་པས།
ཚོང་འབྲེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ མེ་རླུང་རྒྱ་རྫི་ལངམ་སྦེ་ བགོ་བཀྲམ་འབད་མ་ཚུགས་མི་དེ་ ལག་ལེན་འཐབ་མིའི་ གྱངས་ཁ་ཡར་སེང་འགྱོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ཀྱི་ ཚོང་འབྲེལ་མདོ་ཆེན་ ཀརྨ་འབྲུག་པ་གིས་ མེ་རླུང་རྒྱ་རྫི་ཚུ་ གུ་ཧ་ཊི་ལས་ འབག་འོང་མ་ཚུགས་མི་དེ་ཡང་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ནང་ ངོ་རྒོལ་འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་གཞུང་གིས་ ལོ་རེའི་ནང་ ཁྱིམ་གུང་རེ་ལུ་ མེ་རླུང་རྒྱ་རྫི་༦ ལས་བརྒལ་ ཐོབ་ནི་མེདཔ་སྦེ་ ཚད་འཛིན་བཟོ་བའི་ཁར་བསིལ་ཚོང་ནང་ ཕྱིའི་མ་རྩ་བཙུགས་ཆོག་པའི་ གྲོས་ཐག་བཅད་མིའི་ རྒྱབ་འགལ་ལུ་ ཨ་སཱམ་མངའ་སྡེ་གིས་ སྤྱིར་བཏང་ངོ་རྒོལ་འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

No comments:

Post a Comment