གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་ཚེའི་གནས་སྟངས་ཡར་དྲག་འགྱོ་བའི་བརྡ་མཚོན།

རི་ཆང་ལུ་གཡུས་ཚན་གྱི་མཐོང་སྣང་།
 ༡༠/༡༠/༢༠༡༢།  ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ སྒོམ་དར་རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ ལམ་འགྱོ་དགོ་པའི་གཡུས་ཚན་ རི་ཆང་ལུ་དེ་ ལོ་ངོ་བཅུ་ཕྲག་༡ གི་ཧེ་མ་དང་ཕྱདཔ་ད་ མཐོང་སྣང་མ་འདྲཝ་ཅིག་སྦེ་ བསྒྱུར་བཅོས་སོང་ཡོདཔ་ཨིན་པས།
དེ་ཡང་ གཡུས་ཚན་དེ་ནང་ གཅིག་ཁར་སྤུངས་ཏེ་ཡོད་མི་ གྲོང་ཁྱིམ་ཚུ་ག་ར་ འདམ་གྱིས་རྐྱབ་སྟེ་ ཁྱིམ་ཐོག་ཚུ་ ངང་ལག་ཤིང་གི་ འདབ་མ་ཚུ་གིས་ བཀབ་ཡོད་རུང་ ད་རིས་འབདཝ་ད་ ཁྱིམ་མང་ཤོས་ཅིག་ར་ ཁྱིམ་ཐོག་ལྕགས་ཤོག་བཀབ་ཡོདཔ་ལས་ གྲོང་གསེབ་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་སོང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
རི་ཆང་ལུ་གཡུས་ཚན་དེ་ ལུང་གཤོང་དེ་གི་ སྤྱི་ཏོག་གུ་ ཆགས་ཡོད་མི་ལུ་བརྟེན་ གཡུས་ཚན་དེ་གི་ ཁྱིམ་མང་ཤོས་ར་ མཐོང་གསལ་བྱུང་དོ་ཡོདཔ་ད་ གྲོང་གཡུས་ཚོགས་པ་ ངག་དབང་ཆོས་རྒྱལ་གྱིས་ སླབ་མིའི་ནང་ དེ་བསྒང་ ད་རིས་བཟུམ་སྦེ་ ཁོང་རའི་ཁྱིམ་གྱི་གདོང་ཁར་ ཆུའི་ཀ་ལི་མེདཔ་ལས་ གཡུས་ཚན་གྱི་ ཉེ་འདབས་ལས་བབས་མི་ རོང་ཆུ་ལས་ འཐུང་ཆུ་དབོགས་པར་ དུས་ཡུན་སྐར་མ་༡༠ ལས་༢༠ གི་བར་ན་ ལམ་འགྱོ་དགོ་ཟེར་ཨིན་པས།
ད་རིས་འབད་བའི་བསྒང་ལས་ ང་བཅས་ཀྱི་ཁྱིམ་ཚུ རྩིགཔ་ལག་ལེན་འཐབ་སྟེ་ རྐྱབ་ཡོདཔ་མ་ཚད་ ཁྱིམ་ཐོག་ཚུ་ཡང་ ལྕགས་ཤོག་བཀབ་ཡོད་ནི་དེ་གིས་ ཧེ་མ་བཟུམ་སྦེ་ ཆུ་འཛགས་ནི་མེད་ཟེར་ ཚོགས་པ་ངག་དབང་ཆོས་རྒྱལ་གྱིས་ སླབ་པའི་ཁར་ གཡུས་ཁའི་མཐོང་སྣང་དང་ མིའི་འཚོ་བའི་གནས་སྟངས་ཡང་ བསྒྱུར་བཅོས་འགྱོ་སར་ མཐོངམ་མས་ཟེར་ སླབ་ཨིན་པས།
ངག་དབང་ཆོས་རྒྱལ་དེ་ གཡུས་ཚན་དེ་ནང་ ཁོ་གི་ཁྱིམ་ཐོག་ ངང་ལག་གི་ ཤོམ་འདབ་བཀབ་མི་ལས་ ལྕགས་ཤོག་ལུ་ བསྒྱུར་བཅོས་འབད་མི་ དང་པ་ཨིནམ་ད་ སྤྱི་ལོ་༢༠༠༢ ལུ་ ཁོ་གིས་ ཕུན་ཚོགས་གླིང་ལུ་ ཟ་ཁང་གི་ ཚོང་འབྲེལ་འཐབ་མི་དེ་ ལེགས་ཤོམ་འགྱོ་མ་བཏུབ་པར་ བཤོལ་བཞག་སྟེ་ གཡུས་ཁར་ལོག་སོང་ཞིནམ་ལས་ ལྕགས་ཤོག་ཚུ་ཉོ་སྟེ་ ཁྱིམ་ཐོག་བཀབ་ཡོདཔ་ཨིན་པས།
ཁོ་གི་ཤུལ་ལས་ ཁྱིམ་ཚང་ལེ་ཤ་ཅིག་གིས་ ཁྱིམ་ཐོག་ལྕགས་ཤོག་བཀབ་ཅི་ཟེར་ ངག་དབང་ཆོས་རྒྱལ་གྱིས་ སླབ་ཡོདཔ་ད་ ད་རེས་ནངས་པ་ རི་ཆང་ལུ་གཡུས་ཚན་ནང་ ཁྱིམ་གུང་༤༠ ཡོད་མི་ལས་ ཁྱིམ་ཐོག་ལྕགས་ཤོག་མ་བཀབ་མི་ ཁྱིམ་གུང་༡༧ རྐྱངམ་གཅིག་ ལུས་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་གི་ མི་སེར་ཚུ་གིས་ ཁོང་རའི་ འབབ་ཁུངས་ངོ་མ་ དངུལ་ཐོག་ཚལ་ལུ་ཚུ་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེལ་འདྲེན་འབད་ནི་ འགོ་མ་བཙུགས་པའི་ཧེ་མར་ ཁོང་མི་སེར་ཚུ་ ལཱ་འབད་བར་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ སོང་ཡོདཔ་ཨིན་པས།
དེ་བསྒང་ ང་བཅས་ཀྱིས་ འོང་འབབ་བཟོ་ནིའི་དོན་ལུ་ ལམ་སེལ་གྱི་ལཱ་དང་ ལཱ་གཞན་ཕྱམ་ཕྱིམ་ཚུ་འབད་བར་ འགྱོ་ནི་ཡོད་ཟེར་ ཨ་ལུ་༦ གི་ཨ་པ་ཨིན་མི་ དོན་གྲུབ་ཀྱིས་ སླབ་ཨིན་པས།
ད་རུང་ མི་སེར་ཚུ་གི་ བཞེས་སྒོའི་རིགས་ཚུ་ཡང་ བསྒྱུར་བཅོས་སོང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ གེ་ཟའི་ཁ་རང་དེ་ བཞེས་སྒོ་གཙོ་ཅན་ཨིན་རུང་ ད་རེས་ནངས་པ་ གེ་ཟ་དེ་ ཨ་རག་ཆང་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ བཞེས་སྒོའི་ཚབ་ལུ་ ཆུམ་དཀརཔོ་བཟའ་དོ་ཟེར་ སོ་ནམ་ཞིང་པ་ སངས་རྒྱས་ཀྱིས་ བཤདཔ་ཨིན་པས།
གཡུས་ཚན་དེ་གི་ མི་སེར་ཚུ་གིས་ ཚོད་བསྲེ་ཚུ་ མཉམ་འབྲེལ་ཐོག་ལས་ འཛུགས་སྐྱོང་འཐབ་དོ་ཡོདཔ་ལས་ སོ་ནམ་ཞིང་པའི་ མཉམ་ལས་ཚོགས་པ་ མཐར་འཁྱོལ་ཅན་ཅིག་ཨིན་པའི་གནས་ཚུལ།

No comments:

Post a Comment