གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉམས་རྒུདཔ་ཅིག་ རྩོད་བཤེར་གྱི་དོན་ལས་ རྫོང་ཁག་ཁྲིམས་འདུན་ལུ་བཏང་ཡོདཔ།

༡༠/༡༠/༢༠༡༢།  ༉ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ལུ་ ཏོག་ཙེ་གིས་ བླུགས་བྱིན་མི་ ཕོ་སྐྱེས་ཅིག་ རྩོད་བཤེར་གྱི་དོན་ལས་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་ལས་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ མོང་སྒར་སྨན་ཁང་གིས་ བརྟག་ཞིབ་འབད་མི་ གློག་པར་གྱི་གྲུབ་འབྲས་སྙན་ཞུ་ཡང་ ཁ་ཙ་ ཐོབ་ཡོདཔ་ལས་ རྩོད་བཤེར་འབད་འོང་ཟེར་ཨིན་པས།

སྐྱེས་ལོ་༣༢ ལང་མི་ ཉམས་རྒུདཔ་ཕོ་སྐྱེས་དེ་གིས་ བུམ་ཐང་དབང་འདུས་ཆོས་གླིང་སྨན་ཁང་གིས་བཏབ་མི་ གློག་པར་ལུ་ བསམ་པ་མ་རྫོགས་པར་ ཀྲོང་གསར་སྨན་ཁང་ནང་ ད་རུང་ གློག་པར་བཏབ་པའི་ཤུལ་ལས་ མོང་སྒར་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ཀྲོང་གསར་སྨན་ཁང་གི་ གསོ་བའི་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་ཕོ་སྐྱེས་དེ་ བྱང་ཁོག་གཡོནམ་གུ་ལུ་ ན་ཟུག་རྐྱབ་དོ་ཡོད་རུང་ རྩིབ་སྒྲོ་ལུ་ གནོད་སྐྱོན་མ་རྐྱབ་པས་ཟེར་ཨིན་པས།
ཨིན་རུང་ ཉམས་རྒུད་པའི་ བྱང་ཁོག་གཡས་ཁ་ཐུག་ལུ་ གློག་པར་བཏབ་པའི་སྐབས་ རྩིབ་སྒྲོ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་ མཐོང་མི་དེ་ ཧེ་མ་ལས་ཡོད་པའི་ ངོས་འཛིན་བྱུང་ནུག།
རྐྱེན་ངན་བྱུང་པའི་སྐབས་ལུ་ དོགས་ཅན་དང་ ཉམས་རྒུདཔ་ཕོ་སྐྱེས་༢ ཆ་ར་ གཞན་གྱི་ལཱ་འབད་བར་འགྱོ་བའི་སྐབས་ ཞིང་ནང་བྱུང་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ཡང་ སྟང་རྒེད་འོག་ སྦས་ཟུར་གཡུས་ཚན་ནང་ བྱུང་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ཉིན་མ་ངལ་འཚོ་སྟེ་ ཞིང་ནང་ ཉལ་སྡོད་པའི་སྐབས་ ཆ་རོགས་ཀྱིས་ གཉིད་དཀྲོགས་ནིའི་དོན་ལུ་ དགོད་བྲ་འབད་ ས་དང་རྡོ་རུག་ཚུ་བཀོག་སྟེ་དཀྲོགཔ་ད་ ཙིགཔ་ཟ་བའི་ཤུགས་ཀྱིས་ ཏོག་ཙེ་གིས་ བྱང་ཁོག་གུ་ བླུགས་བྱིནམ་ད་ དྲན་མེད་བརྒྱལ་སོཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཉམས་རྒུདཔ་ཕོ་སྐྱེས་དེ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཀྲོང་གསར་སྨན་ཁང་ནང་ བརྟག་དཔྱད་འབདཝ་ད་ རྩིབ་སྒྲོ་༢ མེདཔ་བཏང་ཡོདཔ་སྦེ་ མཐོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ནང་འགྲིག་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ གྲོས་བསྟུན་བྱུང་མ་ཚུགས་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment