གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐོན་ཤུགས་ལེགས་ཤོམ་མེད་རུང་ གོང་ཚད་ལེགས་ཤོམ་ཐོབ་དོ་ཡོདཔ།


ཀེ་བ་ཚུ་ རིན་བསྡུར་ཁང་ནང་ བཞག་ས་མེད་པར་ ཕྱི་ཁར་བཞག་ཡོད་པའི་མཐོང་སྣང་།
༡༠/༡༠/༢༠༡༢། ༉ ཀེ་བ་འཛུགས་སྐྱོང་འབད་མི་ སོ་ནམ་ཞིང་པ་ཚུ་ ཕུན་ཚོགས་གླིང་འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཚོང་སྒྱུར་ཁང་ནང་ ཀེ་བ་ཚོང་བསྒྱུར་འཐབ་ནིའི་དོན་ལུ་ ཉིནམ་༡ ལྷགཔ་ཅིག་ བསྒུག་དགོཔ་ལས་ ཀེ་བ་ཚུ་ རུལ་འགྱོ་དོ་ཡོདཔ་ཨིན་རུང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཀེ་བའི་གོང་ཚད་ལེགས་ཤོམ་ཐོབ་ཅི་ཟེར་ རྫོང་ཁག་སོ་སོའི་ ཞིང་པ་ཚུ་གིས་ སླབ་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ རིན་བསྡུར་ཁང་ནང་ ལྷོད་ཞིནམ་ལས་ ཁོང་གི་ ཀེ་བ་ཚུ་ རིན་བསྡུར་ཐོག་ལས་ བཙོང་ནི་གི་ སྐོར་རྒྱབ་མ་ལྷོད་ཚུད་ཚོན་ བསྒུག་དགོཔ་མ་ཚད་ ནང་ན་དོས་ཁང་༤ མ་གཏོགས་མེད་མི་ཚུ་ གང་པའི་བསྒང་ལས་ ཕྱི་ཁར་བཞག་དགོཔ་ལས་ ཚ་དྲོད་དང་ ཆརཔ་ཚུ་ལུ་བརྟེན་ ཀེ་བ་ཚུ་ རུལ་འགྱོཝ་མས་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ ཀེ་བའི་སྤུས་ཚད་ལེགས་པའི་ཁར་ གོང་ཚད་ཡང་ ལེགས་ཤོམ་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཞིང་པ་ཚུ་གིས་ སླབ་ཨིན་པས།
དབང་འདུས་ཕོ་བྲང་ཕོབ་སྦྱིས་ཁ་ལས་ སྐྱེས་ལོ་༤༦ ལང་མི་ རྡོ་རྗེ་དབངམོ་གིས་ སླབ་མིའི་ནང་ ཁོང་གིས་ རིན་བསྡུར་ཁང་ནང་ ས་གོ་རྒྱ་བསྐྱེད་འབད་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ དོས་ཁང་ཐེབས་ཕུད་རྡོག་གཅིག་ཡང་ མ་མཐོང་ཟེར་ཨིནམ་ད་ དོས་ཁང་ཐེབས་བཟོ་ཡོད་པ་ཅིན་ སོ་ནམ་ཞིང་པ་ཚུ་ རང་སོའི་སོ་ནམ་ཐོན་སྐྱེད་བཞག་ས་མ་ཐོབ་པའི་ དཀའ་ངལ་བྱུང་དགོཔ་མིན་འདུག་ཟེར་ཨིན་པས།
ཀེ་བ་འཛུགས་སྐྱོང་འབད་མི་ ལེ་ཤ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀེ་བ་ཚུ་ ཚུལ་ལྡན་སྦེ་ སྐམ་ཞིནམ་ལས་ ཕད་ཙེ་ཅིག་ནང་ འདེགས་འབག་འོངམ་ཨིན་རུང་ རིན་བསྡུར་ཁང་ནང་ བཞག་ས་མེད་པར་ ཕྱི་ཁར་བཞག་དགོཔ་བྱུངམ་ད་ ཆརཔ་དང་ དྲོད་ཀྱིས་ མེདཔ་བཏངམ་མས་ཟེར་ཨིན་པས།
ད་རུང་ གཡུས་ཁ་ལས་ རིན་བསྡུར་ཁང་ཚུན་ཚོད་ ཀེ་བ་སྐྱེལ་འདྲེན་འབད་མི་ཚུ་གིས་ཡང་ ཀེ་བ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་མ་འཐབ་མི་དེ་གིས་ཡང་ མེདཔ་བཏངམ་མས་ཟེར་ ཞིང་པ་དག་པ་ཅིག་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་ལུ་ ཉིན་བསྟར་བཞིན་དུ་ ཀེ་བའི་དོས་འབག་མི་ སྣུམ་འཁོར་ཊཱག་༡༠༠ དེ་རེ་ རིན་བསྡུར་ཁང་གི་ཕྱི་ཁར་ ཐོགས་ལུས་སར་ མཐོང་གསལ་བྱུང་དོ་ཡོདཔ་ད་ ཞིང་པ་ཚུ་གིས་འབད་བ་ཅིན་ དུས་ཅི་ ཀེ་བ་བཙུགས་པའི་སྐབས་ ཚ་དྲོད་ཆེ་བའི་ཁར་ ཀེ་བ་རྐོ་བའི་ དུས་ཚོད་སྐབས་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཀེ་བའི་ཐོན་ཤུགས་ལུ་ ཐོ་ཕོག་ཡོད་རུང་ ཁོང་གིས་ ལོ་ཐོག་བསྡུ་མི་ཚུ་ལས་ གོང་ཚད་ལེགས་ཤོམ་ཐོབ་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
རིན་བསྡུར་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རིན་བསྡུར་ཁང་ནང་ལས་ ཀེ་བ་ཚུ་ སྤྱི་ཟླ་༦ པ་ལས་ རིན་བསྡུར་ཐོག་བཙོང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཀེ་བ་དམརཔོ་ཀེ་ཇི་རེ་ལུ་ སྤྱིར་སྙོམས་གོང་ཚད་དངུལ་ཀྲམ་༡༨ ཐོག་ གནས་ཡོད་མི་དེ་ ན་ཧིང་ དངུལ་ཀྲམ་༩.༦༧ དང་ཕྱདཔ་ད་ ལོག་ལྟབ་དེ་ཅིག་ཨིནམ་ད་ རེས་ཅིག་སྐབས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ ལུ་ ཡར་སེང་འགྱོ་ནི་ཡོད་ཟེར་ སླབ་ཨིན་པས།
ཀེ་བ་དཀརཔོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༡༦ གི་བར་ན་ ཐོབ་དོ་ཡོདཔ་ཨིན་པས།
ན་ཧིང་ རྒྱ་གར་གྱི་ མངའ་སྡེ་མང་རབས་ཅིག་ནང་ ཀེ་བའི་ཐོན་སྐྱེད་ལེགས་ཡོད་རུང་ འབྲུག་ལུ་ ཐོན་སྐྱེད་མ་ལེགས་མི་ལུ་བརྟེན་ སྤྱི་ཟླ་༦ པ་ལས་༩ པའི་ཚེས་༣༠ ཚུན་ ཀེ་བ་མེ་ཊིག་ཊཱན་༧,༠༠༠ དེ་ཅིག་ལས་བརྒལ་ བཙོང་མ་ཚུགས་པས། དེ་འབདཝ་ད་ དུས་ཅི་ དུས་ཚོད་དེ་གི་རིང་ལུ་ ཀེ་བ་མེ་ཊིག་ཊཱན་༡༡,༠༠༠ དེ་ཅིག་ བཙོང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པ་ལས་༡༢ པའི་ཚེས་༣༠ ཚུན་ཚོད་ སྤ་རོ་དང་ ཆུ་ཁ་ བུམ་ཐང་ ཧཱ་ དབང་འདུས་ ཐིམ་ཕུ་ མགར་ས་ ཀྲོང་གསར་རྫོང་ཁག་༨ ལས་ འབག་འོང་མི་ ཀེ་བ་མེ་ཊིག་ཊཱན་༡༥,༣༥༦ བཙོང་ཡོདཔ་ཨིན་པས།
དངུལ་ཐོག་སྡེ་ཚན་གྱི་ འཛིན་སྐྱོང་པ་གོངམ་ སླ་ང་རྡོ་རྗེ་གིས་ སླབ་མིའི་ནང་ ཀེ་བའི་གོང་ཚད་ཡར་སེང་འགྱོ་མི་དེ་ རྒྱ་གར་ལུ་ ཐོན་ཤུགས་མ་ལེགས་ནི་དེ་གིས་ཨིནམ་འོང་ཟེར་ཨིན་པས།
དེ་མ་ཚད་ དུས་ཅི་ ཀེ་བ་མངམ་སྦེ་ བཙོང་ཚུགས་མི་དེ་ སོ་ནམ་ཞིང་པ་ཚུ་གིས་ ཧེ་མ་བཟུམ་སྦེ་ རང་སོའི་ཀེ་བ་ཚུ་ བསགས་མ་བཞག་པར་ ཚོང་འབྲེལ་འཐབ་པའི་ དུས་ཚོད་ནང་ འབག་འོང་ནི་དེ་གིས་ཨིན་ཟེར་ སླ་ང་རྡོ་རྗེ་གིས་ སླབ་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་ ཀེ་བ་ཚུ་ རིན་བསྡུར་ཁང་ནང་ འབག་འོང་པའི་ཤུལ་ལུ་ རུལཝ་མས་ཟེར་ སླབ་མི་དེ་ཡང་ ཁོང་གིས་ ཀེ་བ་ལེགས་ཤོམ་སྦེ་ མ་སྐམ་ལས་ར་ ཕད་ཙེ་ནང་ སྒམ་རྐྱབ་ནི་དེ་གིས་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment