གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཉམ་རུབ་ཚོགས་པའི་གཙོ་འཛིན་གསརཔ་ བཙག་འཐུ་འབད་ཡོདཔ།

༤/༣/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཟླ་༣ པའི་ཚེས་༢ འདས་པའི་རེས་གཟའ་ཉི་མ་ལུ་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ ཐེངས་དང་པ་འཚོགས་པའི་སྐབས་ལུ་ ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་ཀྱི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབད་ཡི།
Add caption


འདི་དང་འབྲེལ་ ཞལ་འཛོམས་ནང་བཅའ་མར་གཏོགས་མི་ ཚོགས་པའི་འཐུས་མི་དང་ རྒྱབ་སྐྱོར་བ་ཚུ་ལུ་ ཚོགས་པའི་འདེམས་ངོ་ཚུ་ རེ་རེ་བཞིན་དུ་སྦེ་ ངོ་སྤྲོད་འབད་མིའི་ནང་ འདེམས་ངོ་ཚུ་གི་གྲས་ཁར་ ཨམ་སྲུ་གཞོན་ཤོས་༣ གྱི་ ངོ་སྤྲོད་འབད་ཡི།
ཨམ་སྲུ་གཞོན་ཤོས་༣ དེ་ཡང་ ཧཱ་གསང་སྦས་ཁ་འདེམས་ཁོངས་ལས་ སྐྱེས་ལོ་༢༥ ལང་མི་ ཤེས་རབ་རྩེ་ ཚན་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ རྡོ་རྗེ་དབང་མོ་དང་ ལྷུན་རྩེ་སྒང་ཟུར་སྨིན་རྒྱས་ འདེམས་ཁོངས་ལས་ སྐྱེས་ལོ་༢༦ ལང་མི་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ ཁྲིམས་དོན་ཤེས་ཡོན་ལྷབ་མི་ ཚེ་དབང་སྒྲོལ་མ་དང་ གློག་རིག་ལག་ལེན་འཕྲུལ་རིག་ནང་ མཐོ་རིམ་མཐར་འཁྱོལ་མི་ སྐྱེས་ལོ་༢༥ ལང་མི་ ཨོ་རྒྱན་སྒྲོལ་མ་དེ་ ཚོགས་པའི་བྲག་སྟེང་གླང་ཐལ་གྱི་ འདེམས་ངོ་ཚུ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ད་ཚུན་ འདེམས་ངོ་༤༠ གཏན་འཁེལ་སོང་ཡོད་པའི་ཁར་ ཚོགས་པའི་འདེམས་ངོ་ཚུ་གི་གྲངས་སུ་ ཨམ་སྲུ་༥ ལས་བརྒལ་ མ་ཐོནམ་ཨིན་པས།
ཐིམ་ཕུ་སྟོད་ཀྱི་འདེམས་ངོ་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ཡོད་མི་ སངས་རྒྱས་བཟང་མོ་ཡང་ ཚོགས་པའི་གྲངས་སུ་ཡོད་རུང་ གཏན་འཁེལ་མ་འགྱོ་བས།
ཚོགས་པའི་ཁྲི་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འདེམས་ངོ་ཨམ་སྲུ་ཐོབ་ནི་དེ་ དོ་འགྲན་སྦོམ་འདུག་ཟེར་ཨིནམ་ད་ སྲིད་དོན་ནང་ འབྲེལ་གཏོགས་འབད་བའི་བསྒང་ལས་ སྒེར་གྱི་གསང་བྱ་ག་ནི་ཡང་མེད་པའི་ མི་མང་འབྲེལ་དོན་ཅིག་ལུ་ འགྱུར་བའི་གནད་དོན་ལུ་བརྟེན་ སྲིད་དོན་ནང་ ཨམ་སྲུའི་འབྲེལ་གཏོགས་ཉུང་བའི་གཞི་གནས་དེ་ འབྲུག་ལུ་རྐྱངམ་གཅིག་མིན་པར་ རྒྱལ་སྤྱིའི་རྒྱལ་ཁབ་ ག་ཏེ་ལུ་ཡང་ བཅོག་ར་འཐད་པས་ཟེར་ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ ཁོང་གི་ཚོགས་པའི་འདེམས་ངོ་ཚུ་གི་གྲས་ཁར་ ཨམ་སྲུ་ཉུང་སུ་ལས་མེད་དེ་འབད་རུང་ སྤྱི་ཚོགས་ནང་ བཙག་འཐུ་གྲུབ་པ་ཅིན་ ཨམ་སྲུ་དང་འབྲེལ་བའི་གནད་དོན་དེ་ གཙོ་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པའི་ཁར་ འདེམས་ངོ་ཕོ་སྐྱེས་ཚུ་གིས་ཡང་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྱིམ་ཚང་རྒྱལ་ཁབ་གཞན་དང་ཕྱདཔ་ད་ འབྲུག་ལུ་ ཕོ་མོའི་འདྲ་མཉམ་གནས་སྟངས་དེ་ ངལ་རངས་དང་ ཡིད་ཆེས་ཏོག་ཏོ་འདུག་ཟེར་ཨིན་རུང་ ཕོ་མོ་འདྲ་མཉམ་གནས་སྟངས་དང་འབྲེལ་བའི་ སྙན་ཞུ་མེདཔ་མེན་ཟེར་ཨིན་པས།
རྒྱལ་སྤྱིའི་གནས་ཚད་ཀྱི་ གོང་འཕེལ་ལས་རིམ་ཚུ་ནང་ ཨམ་སྲུའི་འབྲེལ་གཏོགས་གནས་སྟངས་དེ་ ག་ཅི་དེ་ ཡར་རྒྱས་ འགྱོ་དོ་ཟེར་བཤད་ཅི།
ཚོགས་པའི་འདེམས་ངོ་ ཨམ་སྲུ་༣ གྱིས་འབད་བ་ཅིན་ ལོ་དང་ ན་ཚོད་དང་ ཕོ་མོའི་གནས་སྟངས་ཀྱི་ ཁྱད་པར་ལུ་མ་བལྟ་བར་ གཙོ་བོ་ར་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ མོ་ལུ་ མི་མང་ཤོས་ཅིག་གིས་ ད་ལྟོ་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་དེ་ དུས་ཚོད་མེན་པས་ཟེར་ སླབ་མི་ཐོན་ཡོད་རུང་ མོ་རའི་ཁ་ཐུག་ལས་འབད་བ་ཅིན་ དུས་ཚོད་དེ་ ད་ལྟོ་འ་ནེམ་ཅིག་ཁར་ཨིནམ་མ་ཚད་ མི་ངོ་རེ་གིས་ ཁྱད་པར་རེ་ བཟོ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ཨོ་རྒྱན་སྒྲོལ་མ་གིས་འབད་བ་ཅིན་ གོ་སྐབས་དེ་ ག་ར་ལུ་ ཁྱད་པར་མེདཔ་སྦེ་ བྱིན་ཡོདཔ་ལས་ མོ་གིས་གོ་སྐབས་ལེན་ལེནམ་ཨིན་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ ཉམས་མྱོང་དགོ་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་ཅིག་སླབ་ཨིན་རུང་ མོ་ར་གིས་ སེམས་ཐག་བཅད་ཅི་ཟེར་ཨིན་པས།
ཚེ་དབང་སྒྲོལ་མ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་འགྱུར་བ་འགྱོ་བའི་ནམ་དུས་ལུ་ འགོ་ཁྲིདཔ་དང་ ཁྲིམས་བཟོ་མི་ཚུ་ནང་ཡང་ དུས་མཐུན་གྱི་འགྱུར་བ་དགོ་པའི་ དུས་ཚོད་ཅིག་ཨིནམ་ལས་ འགྱུར་བ་དེ་ དུས་ཚོད་དང་བསྟུན་ ཐབས་ཤེས་གསརཔ་ལུ་ རག་ལས་དགོཔ་ལས་ འབྲེལ་གཏོགས་འབད་མི་ ག་དེ་མང་མང་དགོཔ་འདི་ ཁག་ཆེ་ཟེར་ཨིན་པས།
དེ་དང་འབྲེལ་ ཚོགས་པའི་ཞལ་འཛོམས་ནང་ གཙོ་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ དངུལ་གཉེར་ ནང་འཁོད་རྩིས་ཞིབ་པ་ཚུ་ཡང་ བཙག་འཐུ་འབད་ཡོདཔ་ཨིན་པས།
བཙག་འཐུའི་སྐབས་ གཙོ་འཛིན་གྱི་དོན་ལུ་ འོས་ངོ་རེ་རེའི་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་པའི་ཐོ་བཀོད་ཅན་གྱི་འཐུས་མི་༡༢༡ ཡོད་མི་ལས་ རྡོ་རྗེ་ཆོས་སྒྲོན་གྱིས་ དགོ་ཟེར་བའི་ཚོགས་རྒྱན་༡༡༧ ཐོབ་སྟེ་ གཙོ་འཛིན་དང་ བསྟན་འཛིན་ལེགས་འཕེལ་གྱིས་ཡང་ ཚོགས་རྒྱན་༡༡༧ ཐོབ་སྟེ་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ ཀ་རྩ་དངོས་གྲུབ་ཀྱིས་ཚོགས་རྒྱན་༡༡༩ ཐོབ་སྟེ་ དངུལ་གཉེར་དང་ ཇེ་བི་རའི་གིས་ ཚོགས་རྒྱན་༡༡༨ ཐོབ་སྟེ་ ནང་འཁོད་རྩིས་ཞིབ་པའི་ གོ་གནས་ལུ་ བཙག་འཐུ་གྲུབ་ཅི།
ཞལ་འཛོམས་དེ་གི་ཐོག་ལས་ ཚོགས་པའི་བཀོད་ཚོགས་འཐུས་མི་དང་ ཚོགས་པའི་སྒྲིག་གཞིའི་རྩ་ཁྲིམས་དེ་ཡང་ ཆ་འཇོག་འབད་ཡོད་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

No comments:

Post a Comment