གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་གི་ ཉམས་གསོའི་ལཱ་ ཧ་ལམ་མཇུག་བསྡུ་དོ་ཡོདཔ།

༤/༣/༢༠༡༣   ༉ དུས་རབས་༡༦ པའི་ནང་ བཞེངས་ཡོད་པའི་ ལྷུན་གྲུབ་རིན་ཆེན་རྩེ་རྫོང་དེ་ ད་རེས་ནངས་པ་ གཞུང་གིས་ ཉམས་གསོ་ཞུ་བའི་བསྒང་ཡོདཔ་བཞིན་དུ་ ཉམས་གསོའི་ལཱ་དེ་ ཧ་ལམ་ མཇུག་བསྡུ་ནིའི་གུ་ ལྷོད་དེ་ཡོདཔ་ལས་ བརྒྱ་ཆ་ལས་དཔྱད་པ་ཅིན་ བརྒྱ་ཆ་༨༥ དེ་ཅིག་ མཇུག་བསྡུ་ཚར་ཏེ་ ཡོད་ཟེར་ཨིན་པས།

ཉམས་གསོའི་ལཱ་ བརྒྱ་ཆ་༨༥ དེ་ཅིག་ མཇུག་བསྡུ་ཡོད་མི་ ལྷུན་རྩེ་རྫོང་།

ཉམས་གསོའི་ལཱ་དེ་ཡང་ གཞུང་གིས་ ལོ་ལྔའི་འཆར་གཞི་བཅུ་པའི་གནང་ མ་དངུལ་ དངུལ་ཀྲམ་ས་ཡ་༡༢༠ དེ་ཅིག་ བཞག་ཐོག་ལས་ སྤྱི་ལོ་༢༠༠༩ གི་ ཟླཝ་༨ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༩ ཟླ་༩ པའི་ཚེས་༢༡ ལུ་ ས་ཡོམ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཉམས་སྐྱོན་སྦོམ་ཤོར་ཡོདཔ་ལས་ ཟད་འགྲོ་ཐེབས་ དངུལ་ཀྲམ་ས་ཡ་༡༦༠ དེ་ཅིག་ བཏང་ཐོག་ལས་ ད་ལྟོ་ ཉམས་གསོ་ཞུ་བའི་བསྒང་ཡོདཔ་ད་ དེ་ཡང་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ཨིན་པས།
ས་ཡོམ་དེ་གིས་ ལྷུན་རྩེ་རྫོང་ནང་ ལྷ་ཁང་༨ ཡོད་མིའི་གྲས་ལས་ ཀུན་ར་ལྷ་ཁང་དང་ ཚེ་དཔག་མེད་ལྷ་ཁང་༢ ལུ་ སེར་གུ་སྦོམ་ཐོན་ཡོདཔ་ལས་ ད་ལྟོ་ཚུན་ རྫོང་ནང་ སེར་གུ་ཐོན་མི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
ད་རེས་ ལྷ་ཁང་ནང་གི་ ལྡེབས་རིས་བཞེངས་ནི་དང་ རྡོ་གཅལ་བསྒྲིག་ནིའི་ལཱ་ འགོ་བཙུགས་ཏེ་ཡོད་ཟེར་ ལས་འགུལ་འཛིན་སྐྱོང་འགོ་དཔོན་ ཚེ་རིང་རྣམ་རྒྱལ་གྱིས་ སླབ་ཨིན་པས།
ལས་འགུལ་འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ རྫོང་ཉམས་གསོའི་ལཱ་དེ་ ལོ་ལྔའི་འཆར་གཞི་བཅུ་པའི་ ལས་འཆར་ཅིག་ཨིནམ་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ངེས་པར་དུ་ མཇུག་བསྡུ་དགོཔ་ཨིན་ཟེར་ཨིན་པས།
ཁོ་གིས་ལྟ་རུང་ ལཱ་དེ་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིན་མི་དེ་ཡང་ ཕྱིའི་ལཱ་ཚུ་མཇུག་བསྡུ་ཚར་ཏེ་ ནང་གི་ལཱ་རྐྱངམ་གཅིག་མ་གཏོགས་ མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ ཧ་ལམ་ ཁྱིམ་ཐོག་གུ་ལྷོད་དེ་ཡོད་པའི་ ལྟ་རྫོང་གི་ལཱ་དེ་ཡང་ ཟླཝ་འདི་ནང་ མཇུག་བསྡུ་ནི་ཨིན་ཟེར་ཨིན་པས།
ལཱ་འབད་དགོཔ་གཞན་ཡང་ རྫོང་དེ་ མེ་རྐྱེན་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ རྫོང་གི་མཐའམ་བདའ་སྟེ་ ཆུ་མཛོད་རྐྱབ་ནི་ལ་སོགས་པའི་ ལཱ་ཚུ་འབད་དགོཔ་ལས་ ལཱ་གི་དོན་ལུ་ ཅ་ཆས་ཚུ་ཡང་ འཕྲལ་མགྱོགས་ར་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ནང་ རྫོང་ཉམས་གསོ་ཞུ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༢༠ བཞག་ཡོད་རུང་ སྤྱི་ལོ་༢༠༠༩ གི་ ས་ཡོམ་ལུ་བརྟེན་ མ་དངུལ་ཡར་སེང་སོང་ཡོདཔ་ད་ དེ་ཡང་ མ་དངུལ་བསྡོམས་ དངུལ་ཀྲམ་ས་ཡ་༡༦༠ རྒྱ་གར་གཞུང་གི་ གྲོགས་རམ་ཐོག་ལས་ ཉམས་གསོ་ཞུ་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྫོང་ཉམས་གསོའི་དོན་ལུ་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ དཀའ་ངལ་མ་བྱུང་ཟེར་ཨིནམ་ད་ རྫོང་ཉམས་གསོ་ཞུ་མི་ཚུ་དང་ ཕྱིའི་ལས་མི་༥༠ དེ་ཅིག་ དེ་ལས་ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ལས་ མི་སེར་༡༣༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
རྫོང་ཉམས་གསོ་ཞུ་མི་ཚུ་ལུ་ རང་སོའི་ རིག་རྩལ་དང་འཁྲིལ་ཏེ་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༡༦༥ ལས་༣༣༠ གི་བར་ན་ སྤྲོད་དོ་ཟེར་ཨིན་པས།
ལྷུན་རྩེ་རྫོང་ནང་ རབ་སྡེའི་དགེ་སློང་ཚུ་ བཞུགས་ས་དང་ རྫོང་ཁག་བདག་སྐྱོང་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ རྫོང་དེ་ བྱག་གཟར་དྲགས་སྦེ་ཡོད་པའི་ སྤོ་ཏོག་ཅིག་གུ་ ཆགས་ཡོདཔ་ད་ རྫོང་གཞིས་དེ་ ཡོངས་འཛིན་ངག་གི་དབང་ཕྱུག་གིས་ སྤྱི་ལོ་༡༥༥༢ ལུ་ གདན་ས་ཕྱག་བཏབ་གནང་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་དེ་ སྤྱི་ལོ་༡༩༦༢ དང་༡༩༧༣ ལུ་ ཉམས་གསོ་ཞུ་སྟེ་ མི་ལོ་༢༥ དེ་ཅིག་ལང་པའི་ཤུལ་ལས་ སྤྱི་ལོ་༡༩༩༨ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་༢༥ འཁོར་བའི་ དུས་སྟོན་དང་བསྟུན་ རྫོང་གི་རྡོ་གཅལ་ཚུ་ ལེགས་བཅོས་འབད་ཡོདཔ་མ་ཚད་ ཀུན་ར་ཡང་ རྒྱ་བསྐྱེད་འབད་ཡོད་པའི་ཁར་ དགེ་སློང་ཚུ་བཞུགས་སའི་ གྲྭ་ཤག་ཐེབས་ རྐྱབ་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment