གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༤/༣/༢༠༡༣   ཐོབ་དབང་དང་གཅིག་ཁར་ མི་སྡེའི་བརྩི་མཐོང་ཚུ་ཡང་ ཁག་ཆེ་ནི།
 ༉ ད་རེས་ནངས་པ་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ལུ་ སྟོན་པའི་བསྒང་ཡོད་མི་ འབྲུག་པའི་གློག་བརྙན་གསརཔ་ བཀའ་རྒྱ་ཟེར་མི་དེ་ རྩོད་རྙོགས་ཅན་ཅིག་ལུ་ འགྱུར་ཉེན་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།


དེ་ཡང་ གློག་བརྙན་དེ་གིས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་སྐབས་ལུ་ དྲང་ཁྲིམས་མ་ཐོབ་མིའི་སྐོར་ གསལ་སྟོན་འབད་དོ་ཡོདཔ་ལས་ དྲང་ཁྲིམས་ལྷན་སྡེ་དང་ འབྲེལ་བ་ཡོད་པའི་ མཐོང་སྣང་ལེ་ཤ་ཡོད་མི་ལུ་བརྟེན་ མངོན་མཐོ་ཁྲིམས་འདུན་ལུ་ གཟིགས་ཞིབ་ཕུལ་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་ གནང་ནི་དེ་གིས་ཨིན་མས།
ཨིན་རུང་ གློག་བརྙན་བཟོ་མིའི་ ཁ་ཐུག་ལས་ ཁོ་གི་གློག་བརྙན་དེ་ རྒྱལ་ཡོངས་གློག་བརྙན་དང་ རྒྱང་མཐོང་བསྐྱར་ཞིབ་བཀོད་ཚོགས་ཀྱིས་ བསྐྱར་ཞིབ་འབད་དེ་ མི་མང་ལུ་ སྟོན་ཆོག་པའི་ གནང་བ་གྲུབ་ཡོད་ནི་དེ་གིས་ མངོན་མཐོ་དང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ལུ་ བསྐྱར་ཞིབ་ལན་ཐེངས་གཉིས་འབད་ནི་གི་ འོས་འབབ་མེད་ཟེར་ ཞུ་ཐོག་ལས་ ཁྲིམས་ཀྱི་བཀའ་རྒྱ་ལུ་ ངོས་ལེན་འབད་མ་བཏུབ་པས།
དྲང་དཔོན་ཚུ་གིས་འབད་བ་ཅིན་ གློག་བརྙན་དེ་ནང་ མི་སྡེ་ལུ་ ངན་བསྐུལ་ཐོག་ ཉེན་འཚུབས་དང་ མི་སྡེའི་ནང་འཁོད་ལུ་ མ་འགྲིགཔ་དང་ མ་མཐུནམ་བཟོ་ཉེན་ཡོད་པའི་ ལོ་རྒྱུས་དང་ ཁྲིམས་སྡེ་ལུ་ འཕྱར་ཁ་དང་ སྐྱོན་བརྗོད་ཞུ་བའི་ གནད་དོན་ཚུ་ཡོད་པ་ཅིན་ དེ་གིས་ ན་གཞོན་ཚུ་གི་རྒྱུད་ལུ་ ངན་བསྐུལ་འབད་ཉེན་ཡོད་མི་ལུ་བརྟེན་ གློག་བརྙན་དེ་ མི་མང་ལུ་ གསལ་སྟོན་མ་འབད་བའི་ཧེ་མར་ ཁྲིམས་སྡེའི་ཧོངས་ལས་ གནོད་ཉེན་ཡོད་མེད་བལྟ་དགོཔ་འདུག་ཟེར་ཨིན་མས།
འདི་འབདཝ་ད་ གློག་བརྙན་བཟོ་མིའི་ ཁ་ཐུག་ལས་ གློག་བརྙན་གྱི་ མཐོང་སྣང་ཚུ་ག་ར་ ངོ་མ་མིན་པར་ བཅོས་མ་ཨིནམ་མ་ཚད་ གློག་བརྙན་བཀོད་ཚོགས་ཀྱིས་ བསྐྱར་ཞིབ་འབད་ཚར་བའི་ གློག་བརྙན་ལུ་ ཉོགས་བཤད་བཀོད་དགོཔ་ཅིག་མེད་ཟེར་ བདེན་ཁུངས་བཟངམ་ཨིན་མས།
འདི་བཟུམ་མའི་ བཅོས་མའི་གློག་བརྙན་ཚུ་ལུ་ ཁྲིམས་སྡེའི་ཁ་ཐུག་ལས་ གདོང་ལེན་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་གིས་ བརྡ་བརྒྱུད་ལུ་གནང་མི་ དལ་དབང་ཚུ་ བཀག་ཆ་འབད་དོ་བཟུམ་ འགྱོ་ནི་ཨིནམ་ལས་ མཛད་བྱ་དེ་གིས་ དམངས་གཙོའི་རིང་ལུགས་ནང་ དལ་དབང་ཅན་གྱི་ བརྡ་བརྒྱུད་གོང་འཕེལ་འགྱོ་ནི་ལུ་ ཐོ་ཕོག་ཉེན་སྦོམ་ཡོདཔ་ཨིན།
ཨིན་རུང་ གློག་བརྙན་འདི་ གཞན་ལུ་གནོད་སེམས་བསྐྱེད་དེ་ བཟོ་བཟོཝ་དང་ དེ་གིས་ འབྲུག་པའི་མི་སྡེའི་ནང་འཁོད་ལུ་ སྟབས་མ་བདེཝ་བཟོ་ནི་གི་ ཉེན་ཁ་ཡོད་པ་ཅིན་ གློག་བརྙན་བསྐྱར་ཞིབ་བཀོད་ཚོགས་ལུ་ འགན་འཁྲི་བཀལ་ནི་དེ་ཡང་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ ལམ་ལུགས་དང་འཁྲིལ་བ་ཅིན་ གལ་སྲིད་ གློག་བརྙན་དེ་ བཅོས་མ་ཨིན་རུང་ དེ་གིས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་གནོད་ཉེན་དང་ ན་གཞོན་ཚུ་ལུ་ ངན་བསྐུལ་དང་ མི་སྡེའི་ནང་འཁོད་ལུ་ མ་འགྲིགཔ་བཟོ་ནི་ དེ་ལས་ འབྲུག་གི་ལམ་སྲོལ་བཟང་པོ་ཚུ་ལུ་གནོད་པའི་ མཐོང་སྣང་ཚུ་ཡོད་པ་ཅིན་ བསྐྱར་ཞིབ་བཀོད་ཚོགས་ཀྱིས་ མི་མང་ལུ་ སྟོན་བཏུབ་མ་བཏུབ་ཀྱི་ ཐག་བཏོག་དགོཔ་ཨིན།
འབྲུག་འདི་ མི་རློབས་ཉུང་སུ་ཅིག་ལས་མེད་མི་ སྐོབས་ཚུད་རྒྱལ་ཁབ་ཅིག་ཨིནམ་ལས་ གནད་དོན་ག་ཅི་ནང་འབད་རུང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ཚུ་ ཐུགས་ཁར་བསྣམ་དགོཔ་བཞིན་དུ་ གློག་བརྙན་ལུ་བརྟེན་པའི་ རྒྱལ་ཁབ་ནང་ སྟབས་མ་བདེཝ་འཐོན་ཏེ་འབད་བ་ཅིན་ དེ་གི་ཉེན་ཁ་དང་ འགན་འཁྲི་ཚུ་ འབྲེལ་ཡོད་དབང་འཛིན་གྱིས་ར་ འབག་དགོཔ་འོང་ཟེར་མནོཝ་མས།
འདི་བཟུམ་སྦེ་ གློག་བརྙན་བཟོ་མི་ཚུ་གི་ ཁ་ཐུག་ལས་ རང་སོའི་དལ་དབང་དང་ ཐོབ་དབང་ཚུ་ བསྟར་སྤྱོད་འབདཝ་དང་གཅིག་ཁར་ མི་སྡེ་ལུ་ བརྩི་མཐོང་བསྐྱེད་དགོཔ་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment