གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་ སོ་ནམ་ཞིང་པ་ཚུ་ བསྐྱིན་འགྲུལ་གྱི་ འུར་བྱེལ་འཐབ་དོ་ཡོདཔ།

༦/༣/༢༠༡༣   ༉ ད་རེས་ནངས་པ་ བུམ་ཐང་སྡེ་བཞིའི་ སོ་ནམ་ཞིང་པ་ཚུ་ ལྕམ་མཁར་ཁྲོམ་ཁར་ ཨ་རྟག་དང་མ་འདྲ་བའི་ སྤུངས་འཛོམས་འབད་སར་ མཐོང་གསལ་བྱུངམ་ཨིན་པས།
བུམ་ཐང་གི་ སོ་ནམ་ཞིང་པ་ཚུ་ ཀེ་བ་འཛུགས་སྐྱོང་གི་ བསྐྱིན་འགྲུལ་ལེན་ནིའི་དོན་ལུ་ དངུལ་ཁང་ནང་ བསྒུག་སྡོད་པའི་བསྒང་།


དེ་ཡང་ ཆུ་སྨད་དང་ ཆོས་འཁོར་ ཨུ་ར་ སྟང་རྒེད་འོག་༤ གི་ གྲོང་གཡུས་མི་སེར་ཚུ་ ལྕམ་མཁར་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ལས་ ཀེ་བ་འཛུགས་སྐྱོང་གི་དོན་ལུ་ བསྐྱིན་འགྲུལ་ཞུ་བར་ ག་ཐོབ་རྐྱབ་སྟེ་ འོང་ཡོདཔ་ད་ ལ་ལུ་ཅིག་ ཨ་ལུ་རྒྱབ་ཁར་འབག་སྦེ་དང་ ལ་ལུ་ཅིག་ ཨ་ལུ་ལག་པར་བཤེད་དེ་ ཁྱིད་འོངམ་ཨིན་པས།
སྤྱི་ལོ་༢༠༠༠ གི་ཧེ་མར་ བུམ་ཐང་གི་ སོ་ནམ་པ་མང་ཤོས་ཅིག་གིས་ རང་བཟའ་སྤྱོད་འབད་ནིའི་དོན་ལུ་རྐྱངམ་གཅིག་ ཀེ་བ་འཛུགས་སྐྱོང་འབད་ནི་ཡོད་རུང་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྡེ་ཚན་ཁས་ལེན་བསྐྱིན་འགྲུལ་ལས་འཆར་དང་ དུས་ཚོད་དང་འཁྲིལ་བའི་ བསྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་པའི་ཤུལ་ལུ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བསྐྱིན་འགྲུལ་ལས་འཆར་ལུ་བརྟེན་ སོ་ནམ་ཞིང་པ་༢༥༠ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ད་ སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཁོང་གིས་ ཀེ་བ་མངམ་སྦེ་ འཛུགས་སྐྱོང་འབད་དེ་ ཕུན་ཚོགས་གླིང་ལུ་ བཙོང་ཐོག་ལས་ དངུལ་རྐྱང་གི་ འོང་འབབ་བཟོ་མི་དེ་གིས་ བཟའ་ཚང་ལུ་ ལོ་ངོ་༡ ལང་ཚུགས་པའི་ ཉེ་བར་མཁོ་བའི་ཅ་ཆས་ དཔེར་ན་ ཆུམ་དང་ མར་ཁུ་ ཚྭ་ ཨོ་ཕྱེ་ལ་སོགས་པ་ཚུ་ ཉོཝ་ཨིན་ཟེར་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༥༧ ལང་མི་ པདྨ་ཆོས་སྒྲོན་དེ་ བསྐྱིན་འགྲུལ་དངུལ་ཀྲམ་༣༠,༠༠༠ ལེན་ནིའི་དོན་ལུ་ དངུལ་ཁང་ནང་ འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ལས་འཆར་དེ་གི་ཐོག་ལུ་ བསྐྱིན་འགྲུལ་ལེན་ཏེ་ ཀེ་བ་འཛུགས་སྐྱོང་འབད་མི་དེ་གིས་ མོ་གི་ བཟའ་ཚང་གི་ འཚོ་སྐྱོང་ལུ་ ལྷན་ཐབས་བྱུང་ཡི་ཟེར་ཨིན་པས།
བསྐྱིན་འགྲུལ་དེ་གི་ཐོག་ལས་ ཁེ་སང་སྦོམ་བཟོ་མ་ཚུགས་རུང་ དངུལ་ཁང་ལུ་ བསྐྱིན་ཚབ་བཏབ་ནི་དང་ ང་བཅས་རའི་དོན་ལུ་ བཟའ་འཐུང་གི་རིགས་ མཁོ་སྒྲུབ་འབད་ནི་ལངམ་ཅིག་ ཐོབ་པས་ཟེར་ པདྨ་ཆོས་སྒྲོན་གྱིས་ བཤད་པའི་ཁར་ ཧེ་མ་འབད་བ་ཅིན་ རང་བཟའ་སྤྱོད་ཀྱི་དོན་ལུ་ ཀེ་བ་ཀེ་ཇི་དག་པ་ཅིག་ལས་ བཙུགས་ནི་མེད་རུང་ བསྐྱིན་འགྲུལ་ཐོབ་ཞིནམ་ལས་ ཀེ་བ་ཀཱུན་ཊཱལ་༢༠ ལྷགཔ་རེ་ འཛུགས་སྐྱོང་འབད་ཚུགསཔ་ཨིན་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ ཆོས་འཁོར་བདེ་བ་ཐང་གཡུས་ཚན་ལས་ སྐྱེས་ལོ་༥༣ ལང་མི་ ཨཔ་སྤུ་སོག་ལ་གིས་ཡང་ བསྐྱིན་འགྲུལ་དངུལ་ཀྲམ་༣༠,༠༠༠ ལེན་ཡོདཔ་ད་ ཀེ་བ་འཛུགས་སྐྱོང་དང་ རྐོ་བའི་སྐབས་ལུ་ ལས་མིའི་གླ་ཆ་དང་ ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་འབད་བའི་ གླ་ཆ་ཚུ་ རྩིས་རྐྱབ་པ་ཅིན་ ཁེ་སང་སྦོམ་ཅིག་ བཟོ་མི་ཚུགས་པས་ཟེར་ ཨཔ་སྤུ་སོག་ལ་གིས་ སླབ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་ལས་རོགས་ པ་ར་ཤ་ བཱན་ད་རི་གིས་ སླབ་མིའི་ནང་ དངུལ་ཁང་གིས་ མི་སེར་ཚུ་ལུ་ བསྐྱིན་འགྲུལ་བྱིན་མི་དེ་ འོང་འབབ་བཟོ་ནིའི་ ཕན་ཐབས་ལུ་ཨིནམ་ད་ དུས་ཚོད་དང་འབྲེལ་བའི་ བསྐྱིན་འགྲུལ་ཚད་གཞི་མཐོ་ཤོས་ དངུལ་ཀྲམ་༡༠༠,༠༠༠ ཚུན་ བྱིནམ་པའི་ཁར་ སྐྱེད་ཡང་བརྒྱ་ཆ་༡༣ བཀལཝ་མ་ཚད་ དེ་ལུ་ གཏའ་མ་དགོ་ཟེར་ཨིནམ་ད་ སྡེ་ཚན་ཁས་ལེན་བསྐྱིན་འགྲུལ་ལས་འཆར་ལུ་ སྡེ་ཚན་གྱི་ འཐུས་མི་ཚུ་ ཁས་ལེན་མི་ཨིནམ་ལས་ དེ་ལུ་ གཏའ་མ་བཙུགས་མ་དགོ་པའི་ཁར་ སྐྱེད་ཚད་ཡང་ བརྒྱ་ཆ་༡༠ ཨིན་ཟེར་ཨིན་པས།
བསྐྱིན་ཚབ་དེ་ ལོ་ངོ་༡ དང་ ཡང་ཅིན་ ལོ་༣ གྱི་ནང་འཁོད་ལུ་ སྟབས་གཅིག་ལུ་དང་ ལོ་ཕྱེད་ ཡང་ཅིན་ ཟླཝ་༤ གི་བར་ན་ཚར་རེ་ ཡང་ཅིན་ ཟླ་རིམ་བཞིན་དུ་ སྤྲོད་རུང་བཏུབ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
དུས་ཚོད་དང་འཁྲིལ་བའི་ བསྐྱིན་འགྲུལ་དེ་ ངོ་རྐྱང་ལུ་ ཐོབ་ལམ་ཡོད་རུང་ སྡེ་ཚན་ཁས་ལེན་བསྐྱིན་འགྲུལ་གྱི་དོན་ལུ་ འཐུས་མི་༤ ལས་༦ གི་བར་ན་ཡོད་མི་ སྡེ་ཚན་ཅིག་དགོ་ཟེར་ པ་ར་ཤ་ བཱན་ད་རི་གིས་ བཤདཔ་ཨིན་པས།
དངུལ་ཁང་དེ་གིས་ སྤྱི་ཟླ་༢ པའི་བདུན་ཕྲག་མཇུག་ཁམས་ཅིག་ལས་ བསྐྱིན་འགྲུལ་ཚུ་བྱིན་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment