གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་གྲུབ་མི་ཚུ་ག་ར་ འཆར་གཞི་ནང་ཚུད་མི་ཙང་ཙ་ཨིན་ན?

༦/༣/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༤ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁམས་ཀྱི་གནས་སྟངས་སྐོར་ལས་དང་ ཁས་བླངས་གྲུབ་པའི་ སྙན་ཞུ་ཁག་གཉིས་ སྤྱི་ཚོགས་ནང་ ཕུལ་ཡོདཔ་ཨིན་རུང་ སྲིད་ཚོགས་ཚུ་གི་ ནང་འཁོད་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ལས་སྣ་དང་འཆར་གཞི་ཚུ་ ལོ་ལྔའི་འཆར་གཞི་༡༠ པའི་ནང་ ཚུད་ཚུདཔ་འབད་ནི་དེ་གིས་ ག་དེ་སྦེ་ཨིན་རུང་ གྲུབ་ཚུགས་ཚུགསཔ་འོང་ནི་ཨིནམ་ལས་ ད་རེས་ཀྱི་ གཞུང་ལུ་ ངལ་རངས་བསྐྱེད་དགོཔ་མེད་ཟེར་ཨིན་པས།


འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་དང་འཁྲིལ་ཏེ་ ཁས་བླངས་འབད་མི་ཚུ་ གྲུབ་ཚུགས་ཅི་ཟེར་ སླབ་མི་ཚུ་ག་ར་ འཆར་གཞི་ནང་ ཚུད་ཡོད་མི་ཙང་ཙ་ ཨིན་མས་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཞལ་འཛོམས་ཐེངས་༢༤ པའི་ནང་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ འཆར་གཞི་བརྩམ་ནི་དང་ གཞི་བཙུགས་འབད་ནི་ དེ་ལས་ ཕྱི་འབྲེལ་སྲིད་སྐྱོང་འབད་དེ་ མ་དངུལ་འཚོལ་མི་ཚུ་ག་ར་ ཁོང་ཆ་ཁྱབ་ཨིན་ཟེར་ཨིན་པས།
བློན་ཆེན་དང་ བློན་པོ་དག་པ་ཅིག་ དེ་ལས་ འབྲུག་ཕུན་ཚོགས་སུམ་ཚོགས་པའི་ འགོ་དཔོན་གོངམ་དག་པ་ཅིག་གིས་ ལོ་ལྔའི་འཆར་གཞི་༡༠ པ་ རྩམ་པའི་སྐབས་ འབྲེལ་གཏོགས་འབད་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ འཆར་གཞི་ཚུ་ ཁོང་རང་གིས་ བཟོ་ཡོདཔ་མ་ཚད་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ ཁོང་རང་གིས་ བསྐྱར་གསོ་འབད་ཡོདཔ་ལས་ ཅོག་འཐད་ཟེར་ གསུངསམ་ཨིན་པས།
དེ་བཟུམ་སྦེ་ ལོ་ལྔའི་འཆར་གཞི་༡༡ པ་དེ་ཡང་ གཞུང་གསརཔ་གི་ ལག་པར་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ གཞུང་གསརཔ་དེ་ འབྲུག་ཕུན་སུམ་ཚོགས་པ་ ཨིནམ་འདྲཝ་ཅིག་འབད་བ་ཅིན་ ད་ལྟོ་ཡོད་མི་ འཆར་གཞི་ལུ་ བསྒྱུར་བ་དུམ་གྲ་རེ་མ་གཏོགས་ མི་འོང་ནི་ཨིན་རུང་ ག་དེམ་ཅིག་སྦེ་ སྲིད་དོན་ཚོགས་པ་ སོ་སོར་ཅིག་གིས་ གཞུང་སྐྱོང་པ་ཅིན་ ཁོང་རའི་ ཁས་བླངས་དང་ དམིགས་གཏད་དང་འཁྲིལ་ཏེ་ འཆར་གཞི་བཟོ་ཡོད་མི་ཚུ་ བསྒྱུར་བཅོས་འགྱོ་འོང་ཟེར་ཨིནམ་ད་ ཡང་ཅིན་ ད་ལྟོ་ཡོད་མི་ འཆར་གཞི་ཚུ་ག་ར་ ཆ་མེད་གཏང་ཞིནམ་ལས་ གསརཔ་བཟོ་འོང་ག་ སླབ་མི་ཤེས་ཟེར་གསུངས་ཡི།
འབྲུག་རྒྱལ་ཁབ་འདི་ ག་དེམ་ཅིག་ལུ་ ག་དེ་སྦེ་ བཟོ་ནི་ཨིན་ན་ཚུ་ག་ར་ སྲིད་དོན་ཚོགས་པ་གིས་ ཐག་བཅད་མི་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ བཤད་མི་དང་འཁྲིལཝ་ད་ མི་སེར་ལུ་ ཉེ་བར་མཁོ་བའི་ གཞི་རྟེན་མཁོ་ཆས་ ག་ཅི་ར་ཁག་ཆེཝ་ཨིན་ན་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་ཞིནམ་ལས་ ཁས་བླངས་གསལ་བསྒྲགས་འབད་འབདཝ་ཨིན་ཟེར་ཨིན་པས།
ཁོང་གིས་ ཧེ་མ་ ས་གནས་ནང་ སོང་ཞིནམ་ལས་ བྱིན་གེ་བཅའ་གེ་ཟེར་ སླབ་སླབ་མེདཔ་ལས་ མི་སེར་ལུ་དགོ་མི་ཚུ་ འཆར་གཞི་ནང་བཙུགས་ཏེ་ འབད་འབདཝ་འབད་ནི་དེ་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཆར་གཞི་གི་དོན་ལུ་ མ་དངུལ་ཚུ་ དཔྱ་བགོ་རྐྱབ་བཞག་བཞགཔ་ཡོད་རུང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ མ་དངུལ་ལྷང་དགོཔ་ཐོནམ་མས་ཟེར་ཨིན་པས།
འཆར་གཞི་ཚུ་ མཐའ་དཔྱད་བཟོ་ཚར་ཏེ་འབད་རུང་ མ་དངུལ་འཚོལ་བར་ ཕར་ཚུར་འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
དམངས་གཙོའི་གཞུང་ནང་ བཙག་འཐུ་ལས་གྲུབ་པའི་ གཞུང་དེ་གིས་ འཆར་གཞི་ཚུ་ མཐར་འཁྱོལ་ཅན་སྦེ་ བཟོ་ནིའི་འགན་འཁྲི་ཕོགཔ་ཨིན་ཟེར་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ བཤདཔ་ཨིན་པས།
ཨིན་རུང་ བློན་ཆེན་གྱིས བརྡ་བརྒྱུདཔ་ཚུ་ལུ་ དྲན་གསོ་འབད་མིའི་ནང་ རྒྱལ་ཁབ་ཀྱི་ འཆར་གཞི་ཚུ་ གཅིག་གིས་བརྩམས་ཚར་ཞིནམ་ལས་ སྲིད་ཚོགས་ཚུ་ ག་ཅི་ཡང་ འབད་དགོཔ་མེད་ཟེར་ སླབ་མི་དེ་ཡང་ བརྡ་བརྒྱུདཔ་ཚུ་གིས་ མི་སེར་ཚུ་ལུ་ གོ་བ་བརྡ་ལོག་སྦེ་ བརྡ་དོན་སྤེལ་ནི་ མི་འོང་ཟེར་ཨིན་པས།
གལ་སྲིད་ ལོ་རྒྱུས་འདི་ བདེན་སོ་པ་ཅིན་ མི་སེར་ཚུ་གིས་ འགན་ཁུར་མེད་པའི་ངོ་ཚབ་ བཙག་འཐུ་དགོཔ་ཡང་ མིན་འདུག་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment