གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ འབྲུག་འདི་ འོང་འབབ་བར་མའི་ རྒྱལ་ཁབ་ཚུ་གི་གྲས་ཁར་ཚུད་ནི།

༥/༣/༢༠༡༣   ༉ རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༡༠,༨༠༠ ཐོན་སྐྱེད་འབད་ནིའི་ དམིགས་གཏད་བསྐྱེད་མི་དེ་ སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ འགྲུབ་པའི་བསྒང་ལས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཚད་གཞི་དེ་ ད་ལྟོའི་ ཚད་གཞི་ལས་ བརྒྱ་ཆ་༡༣༩ གིས་ ཡར་སེང་འགྱོ་འོང་ཟེར་ ཁ་ཙ་ སྤྱི་ཚོགས་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ཕུལ་བའི་སྐབས་ཞུ་ཡི།


དེ་ཡང་ སྤྱི་ལོ་༢༠༡༢ ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༩༥.༠༦ འབད་མི་དེ་ སྤྱི་ལོ་༢༠༢༠ ལུ་ དངུལ་ཀྲམ་དུང་ཕྱུར་༢༢༧ ལུ་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ལས་ མི་རེའི་དཔྱ་བགོ་འབབ་ཁུངས་ སྤྱི་ལོ་༢༠༡༢ ལུ་ ཡུ་ཨེསི་ཌོ་ལར་༢,༩༨༦.༤༠ འབད་མི་དེ་ཡང་ སྤྱི་ལོ་༢༠༢༠ ལུ་ ཡུ་ཨེསི་ཌོ་ལར་༥,༧༠༠ ལས་༧,༠༠༠ གྱི་བར་ན་ ཡར་སེང་འགྱོ་ནི་ཨིནམ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ འོང་འབབ་ཅན་གྱི་རྒྱལ་ཁབ་ བར་མའི་གྲས་ཁར་ ཚུད་འོང་ཟེར་ བློན་ཆེན་མཆོག་གིས་ གསལ་ཞུ་འབད་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་ གློག་མེ་ལས་འགུལ་༣ སྤྱི་ལོ་༢༠༡༦ དང་༢༠༡༧ དེ་ཅིག་ནང་ མཇུག་བསྡུ་ནི་ཨིནམ་ད་ དེ་བསྒང་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་དུང་ཕྱུར་༡༩.༦༣ རེ་ ལོ་བསྟར་བཞིན་དུ་ འབབ་ཁུངས་འཐོན་འོང་ཟེར་ཞུ་ཡི།
དེ་དང་འཁྲིལ་ གློག་མེ་གོང་འཕེལ་གྱི་ལཱ་དེ་ རང་བཞིན་གནས་སྟངས་དང་མཐུན་པའི་ དཔལ་འབྱོར་གོང་འཕེལ་ གཏང་ནིའི་དོན་ལུ་ གཞི་རྟེན་ངོ་མ་ཅིག་སྦེ་ མཐོང་དོ་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ ལྷན་ཐབས་གཙོ་ཅན་ཅིག་ ཨིན་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་གཞུང་གིས་ རྒྱལ་ཁབ་རང་མགོ་རང་འདྲོངས་ བཟོ་ནིའི་དོན་ལུ་ སྙིང་སྟོབས་ཅན་དང་ རེ་འདོད་ཅན་གྱི་ཐོག་ལས་ ཧེ་མ་འབད་བ་ཅིན་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་༥,༠༠༠ ཐོན་སྐྱེད་འབད་ནི་ལུ་ དམིགས་གཏད་བསྐྱེད་མི་དེ་ཡང་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ལུ་ ཡར་སེང་འབད་ཡོདཔ་ད་ ད་རེས་ གནས་སྟངས་ལེགས་ཤོམ་གྱི་ཐོག་ལས་ འགྱོ་དོ་ཟེར་ཞུ་ཡི།
ད་རེས་ཀྱི་ གནས་སྟངས་ནང་ སྤུ་ན་གཙང་ཆུ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་འབདཝ་ད་ གློག་མེ་འཕྲུལ་ཁང་༣ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ ཁོ་ལོང་ཆུ་དང་ ལྕམ་མཁར་ཆུ་ ཝང་ཆུ་ སྦུག་ན་ཆུ་ སཱུན་ཀཱོཤི་ ཨ་མོ་ཆུ་ དེ་ལས་ ཀུ་རི་གོང་རི་ཚུ་གི་ སྔོན་འགྲོའི་བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཅི་ལས་ འགོ་བཙུགས་ནི་ཨིན་ཟེར་ གསལ་ཞུ་འབད་ཡི།
ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ལས་འགུལ་༣ ནང་ འབྲུག་མི་ལས་བྱེདཔ་༣,༡༢༥ བཙུགས་ཏེ་ཡོདཔ་ད་ གློག་མེ་འཕྲུལ་ཁང་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ལས་ དངུལ་ཀྲམ་དུང་ཕྱུར་༡༤ བཟོ་སྐྲུན་དང་ གོང་འཕེལ་གྱི་ལཱ་ཚུ་ འབད་ནིའི་དོན་ལུ་ འབྲུག་པའི་ ཁག་འབགཔ་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment