གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁའི་སྐད་ཡིག་ཡུན་བརྟན་དང་ མ་འོངས་གོང་འཕེལ་ ལམ་སྟོན་འཆར་བཀོད།

༥/༣/༢༠༡༣   ༉ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁའི་སྐད་ཡིག་ཡུན་བརྟན་དང་ མ་འོངས་དར་ཁྱབ་དང་གོང་འཕེལ་གྱི་ ལམ་སྟོན་འཆར་བཀོད་ཚུ་ ཁ་གསལ་བཀོད་དེ་ཡོད་ཟེར་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཞལ་འཛོམས་ནང་ བློན་ཆེན་མཆོག་གིས་ གསུངས་ཡི།


བློན་ཆེན་མཆོག་གིས་ སྤྱི་ཚོགས་ནང་ཕུལ་མི་ ལོ་བསྟར་གྱི་ གནས་སྟངས་སྙན་ཞུའི་ནང་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ མ་དངུལ་གྱི་ཟད་རྩིས་ལོགས་སུ་བཏོན་བཏོནམ་མེད་རུང་ སྤྱི་ལོ་༢༠༡༡ ལུ་ ཆ་འཇོག་འབད་མི་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་ཀྱི་ཐབས་བྱུས་གཞི་བཀོད་ལུ་ གཞི་བཞག་ཐོག་ལས་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
བློན་ཆེན་མཆོག་གིས་གསུངས་མིའི་ནང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ འཛམ་གླིང་ནང་ གསར་འགྱུར་མང་རབས་ཅིག་ ཐོན་པའི་དུས་དང་བསྟུན་ རྩ་བརྟན་དང་ དུས་མཐུན་བཟོ་ནི་ལུ་གཙོ་བོར་བཏོན་པའི་ ཐབས་བྱུས་གཞི་བཀོད་ཚུ་ བཟོ་ཡོདཔ་ཨིན་ཟེར་ཨིན་པས།
ཐབས་བྱུས་གཞི་བཀོད་ཀྱི་ གཞུང་འབྲེལ་གནད་དོན་ནང་ རྫོང་ཁ་ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ སློབ་གྲྭ་དང་ གཙུག་སྡེ་ཚུ་ནང་ལག་ལེན་འཐབ་ཐངས་ ཁྲིམས་གཞུང་དང་ བརྡ་བརྒྱུད་ སྤྱིར་བཏང་མི་སྡེའི་ལག་ལེན་ནང་ རྫོང་ཁ་ ལག་ལེན་འཐབ་ནི་ཚུ་ ག་ར་ཁ་གསལ་གྱི་ ཐབས་བྱུས་གཞི་བཀོད་ཚུ་ བཟོ་ཡོདཔ་ཨིན་པས།
ཐབས་བྱུས་དེ་ཚུ་གཞི་བཀོད་འབད་ནི་ལུ་ ཚད་མཉམ་དང་ འགག་བཤེར་གྱི་རྩོད་བསྡུར་རྒྱ་ཆེཝ་སྦེ་ར་ འབད་དགོཔ་ཐོན་ཡོད་རུང་ མཐའན་མཇུག་ལུ་ མ་འོངས་རྫོང་ཁའི་ཡུན་བརྟན་ལག་ལེན་དང་ དར་ཁྱབ་ལུ་དམིགས་པའི་ ཐབས་བྱུས་གཞི་བཀོད་འབད་ནི་ལུ་ ཞལ་འཆམ་བྱུང་ཡོད་ནི་དེ་གིས་ ངལ་རང་བྱུང་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ རྒྱལ་ཁབ་གནས་སྟངས་སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁའི་ཡུན་བརྟན་གོང་འཕེལ་དང་ དར་ཁྱབ་ཐབས་བྱུས་ཀྱི་ གཞི་བཀོད་དང་བསྟུན་ རྫོང་ཁའི་བརྡ་གཞུང་གསརཔ་བཟོ་བའི་ཁར་ རྫོང་ཁའི་ཚིག་མཛོད་དང་ དཔེ་དེབ་ཚུ་ནང་མེད་པའི་ གཡུས་ཚན་སོ་སོའི་ ངག་བརྗོད་ཀྱི་མིང་ཚིག་མ་འདྲཝ་༢༠༠༠ དེ་ཅིག་ བསྡུ་བསྒྲིགས་འབད་ཡོདཔ་ད་ ཨིང་ལིཤ་དང་ རྫོང་ཁ་ཤན་སྦྱར་ཚིག་མཛོད་དེབ་ཆུང་ཚུ་ སློབ་རིམ་༧ པ་ལས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
རིག་གསར་གྱི་ ཡོངས་འབྲེལ་འཕྲུལ་རིག་ ལག་ཆས་མ་འདྲཝ་ཚུ་ དུས་སྐབས་ཀྱི་གནས་སྟངས་དང་བསྟུན་ འགྲུལ་འཕྲིན་དང་ ཡོངས་འབྲེལ་ལག་ཆས་ཚུ་ནང་ རྫོང་ཁ་ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ གློག་རིག་ཐོག་གི་རྫོང་ཁ་དང་ ཨིང་ལིཤ་ རྫོང་ཁ་ཤན་སྦྱར་གྱི་ཚིག་མཛོད་ཚུ་ཡོདཔ་མ་ཚད་ ཡོངས་འབྲེལ་ནང་ ལག་ལེན་འཐབ་མི་ ཨེན་ཌོའིཌ་གི་ རྫོང་ཁའི་མཛུབ་བསྣོན་མཉེན་ཆས་ཚུ་ཡང་ ཡོད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment