གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་ནག་སྤྱི་མདོས་གནང་སར་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་དོ་ཡོདཔ།

༥/༣/༢༠༡༣   ༉ ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་སློབ་གྲྭ་ལྟེ་བའི་ནང་སྦེ་ རྒྱ་ནག་སྤྱི་མདོས་ཀྱི་ སྐུ་རིམ་གནང་སར་ རྐྱེན་ངན་བཟློག་ཐབས་དང་ བར་རྐྱེན་བསལ་ནི་ བསམ་དོན་འགྲུབ་ཐབས་ཀྱི་དོན་ལུ་ ཉིན་བསྟར་བཞིན་དུ་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཕྱག་འཚལ་ནི་དང་ སྙན་དར་ཕུལ་བར་ འོང་དོ་ཡོདཔ་ཨིན་པས།
སྤང་རི་ཐམ་པ་རྒྱ་ནག་སྤྱི་མདོས་གནང་སར་ འཛོམས་མི་དད་ཅན་མི་སེར་ཚུ་གིས་ སྨོན་ལམ་བཏབ་ཏོད་ལས་སྙན་དར་ཕུལ་བའི་བསྒང་།


སྐྱེས་ལོ་༦༦ ལང་མི་ ཀུན་བཟང་འཕྲིན་ལས་དང་ སྐྱེས་ལོ་༦༣ལང་མི་ ཁོ་རའི་གནས་ཚང་ རྡོ་རྗེ་སྒྲོལ་མ་གཉིས་ཀྱིས་ སྤྱི་ལོ་༢༠༠༢ ལས་ འགོ་བཙུགས ་སྐུ་རིམ་གནང་སར་ ལོ་བསྟར་བཞིན་དུ་ ཕྱག་འཚལ་ སྨོན་ལམ་བཏབ་ སྐོར་བར་རྐྱབ་ དེ་ལས་ སྙན་དར་ཚུ་ཕུལ་བར་ འོང་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ འོང་དགོ་མི་གནད་དོན་ངོ་མ་ར་ མི་སེར་ཉམ་ཆུང་ ང་བཟུམ་གྱིས་ རང་གི་ཁྱིམ་ནང་ དེ་བཟུམ་མའི་ སྐུ་རིམ་རྩ་ཅན་ཚུ་ འབད་མ་ཚུགས་ནི་དེ་གིས་ སྤྱིར་བཏང་ རང་ལུ་རྐྱངམ་གཅིག་མིན་པར་ རང་གི་བུཚ་དང་ གཉེན་ཉེཝ་ ཕམ་སྤུན་ཆ་ཚུ་གི་ ལོ་ཀག་དང་ ཞག་ངན་ བདུན་ཟུར་ མཐུན་གསུམ་ གནམ་སྒོ་ ས་སྒོ་ མི་ཁ་དགྲ་བཟློག་ དུར་མིག་ དགུ་མིག་ བཙན་མདོས་ སྨན་མདོས་ དེ་ལས་ ཀླུང་རྟ་ཚུ་ ག་ཅི་གི་ཐད་ལས་འབད་རུང་ ཕན་ཐབས་ལུ་ཨིན་ཟེར་ ཨ་རྒས་ ཀུན་བཟང་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
རང་གི་ ཁྱིམ་ནང་ རིམ་གྲོ་འབད་མ་ཚུགས་རུང་ སྐུ་རིམ་དེ་ལུ་བརྟེན་ ད་ཚུན་ རྐྱེན་ངན་བར་ཆད་ཚུ་ ག་ནི་ཡང་ མ་བྱུང་པར་ ལོ་གཅིག་གི་རིང་ བསམ་པའི་དོན་ཀུན་གྲུབ་ཚུགས་མི་དང་ དགའ་སྐྱིད་སྐྱིད་ཀྱི་ངང་ལུ་ སྡོད་ཚུགས་ཡོདཔ་ལས་ སྤྱིར་བཏང་ འབྲུག་མི་ཡོངས་ཀྱིས་ ཕྱག་འཚལ་ནི་དང་ སྨོན་ལམ་བཏབ་པར་ འོང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཕན་པ་བསམ་གྱིས་མ་ཁྱབ་སྦེ་འདུག་ཟེར་ རྡོ་རྗེ་སྒྲོལ་མ་གིས་ སླབ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ ན་གཞོན་བུམོ་ བསོད་ནམས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ ཕམ་སྤུན་ཆ་དང་ ཆ་རོགས་ དེ་ལས་ ང་ར་ཡོན་ཏན་ལྷབ་སྦྱང་འབད་བའི་སྐབས་ རྐྱེན་ངན་བཟློག་ནིའི་དོན་ལུ་ སྙན་དར་ཕུལ་བར་འོང་ཡི་ཟེར་ཨིན་པས།
སློབ་གྲྭའི་དྲུང་ཡིག་ བསོད་ནམས་རིན་ཆེན་གྱིས་ ལོ་བསྟར་བཞིན་དུ་ རྒྱ་ནག་སྤྱི་མདོས་གནང་དགོ་པའི་དམིགས་ཡུལ་དེ་ དང་པ་ རྒྱལ་ཁབ་ཀྱི་བསྟན་སྤྱིའི་སྐུ་རིམ་དང་ མི་དབང་ཡབ་སྲས་ རྒྱལ་བཙུན་ སྐུ་འཁོར་ དེ་ལས་ རྒྱལ་བློན་འབངས་༣ གྱི་ སྐུ་རིམ་དང་ གཉིས་པ་ སྤྱིར་བཏང་ མི་སེར་རང་ར་སོ་སོའི་ཁྱིམ་ནང་ རིམ་གྲོ་འབད་མ་ཚུགས་མི་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
རྒྱ་ནག་སྤྱི་མདོས་ཀྱི་ སྐུ་རིམ་གནང་སར་ མདོས་ཀྱི་དཀྱིལ་འཁོར་དང་ མི་དབང་ཡབ་སྲས་ རྒྱལ་བཙུན་རྣམས་ཀྱི་ སྐུ་གླུད་ བླམ་ཆོསཔ་ མི་སེར་སྤྱིར་བཏང་གི་ ཕོ་མོའི་གླུད་ ལོ་འཁོར་༡༢ ཀྱི་གླུད་ བདུན་ཟུར་ མཐུན་གསུམ་ གནམ་སྒོ་ ས་སྒོ་ དུར་མིག་ དགུ་མིག་ རྒྱལ་མདོས་ བཙན་མདོས་ བདུད་མདོས་ མིག་ཁ་ མཚོ་སྨན་དགུ་མདོས་ དེ་ལས་ རང་སོའི་སྲོག་ལུས་དབང་ཀླུང་གི་སྐུ་རིམ་ཚུ་ བསྒྲུབ་གནང་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ མི་སེར་ཡོངས་ཀྱིས་ རང་སོའི་གཟུགས་ལས་ དྲེགས་པ་ཕྱིས་ཏེ་འོང་དགོཔ་ད་ སྐྱ་དང་སེན་མོ་བཏོག་ རང་གི་གྱོན་མི་བཀབ་གོ་ལ་དང་ འབྲུ་སྣ་དགུ་ སྙན་དར་ཚུ་འབག་སྟེ་འོང་དགོཔ་ ག་ནི་བ་གལ་ཆེ་ཟེར་ བསོད་ནམས་རིན་ཆེན་གྱིས་ སླབ་ཨིན་པས།
རྒྱ་ནག་སྤྱི་མདོས་ཟེར་མི་དེ་ འབྱུང་ཁུངས་ངོ་མ་ རྒྱ་ནག་ལས་འབད་ནི་དེ་གིས་ མིང་གནས་ལུ་ རྒྱ་ནག་དང་ མི་མང་སྤྱིའི་མདོས་སྦེ་ གཏང་སྲོལ་ཡོད་ནི་དེ་གིས་ སྤྱི་མདོས་ཟེར་སླབ་ཨིནམ་ད་ སྐུ་རིམ་དེ་ སག་སྟེང་སྤྲུལ་སྐུ་གིས་ དབུ་བཞུགས་ཐོག་ལས་ རྩིས་གཞུང་སློབ་གྲྭའི་ དགེ་སློང་ཞལ་གྲངས་༡༥༠ ལྷགཔ་ཅིག་གིས་ སྒྲུབ་གནང་དོ་ཡོདཔ་ཨིན།
སྐུ་རིམ་གནང་མི་དང་འབྲེལ་ བཟློག་པ་ཚེ་སྒྲུབ་བསག་ནི་དང་ བར་ཆད་ལམ་སེལ་ ཀླུང་རྟ་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་ རང་སོའི་སྲོག་ལུས་དབང་ཀླུང་གི་སྲུང་མ་ དེ་ལས་ སྤྱིར་བཏང་གི་ཞལ་འདེབས་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
དད་ཅན་ཚུ་གིས་ སྨོན་ལམ་གང་དྲག་བཏབ་ཐོག་ལས་ ཕུལ་མིའི་ཏི་རུ་ཚུ་ ཕྱི་རུ་རྟག་བུ་ར་ ཆུ་ཚོད་༧ ལས་འགོ་བཙུགས་ བཟློག་པ་ཚེ་སྒྲུབ་དང་ བར་ཆད་ལམ་སེལ་ བསམ་པ་ལྷུན་འགྲུབ་ ཀླུང་རྟ་ཚུ་བསགས་གནང་དོ་ཟེར་ དྲུང་ཡིག་བསོད་ནམས་རིན་ཆེན་གྱིས་ སླབ་ཨིན་པས།
སྙན་དར་ཕུལ་མི་ཏི་རུ་ཚུ་ བསྡུ་ལེན་འབད་ཐོག་ལས་ ལོ་བསྟར་གྱི་དོན་ལུ་ གསོག་འཇོག་འབད་ཡོདཔ་མ་ཚད་ ལྷ་ཁང་ཉམས་གསོ་དང་ སློབ་གྲྭའི་དོན་ལུ་ བཞགཔ་ཨིན་ཟེར་ཨིན་པས།
ཉིན་གྲངས་༩ འི་རིང་ལུ་ གནང་ནི་ཨིན་མི་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་དེ་ རང་ཟླ་༡ པའི་ཚེས་༢༠ རེས་གཟའ་ཉི་མ་ལས་ འགོ་བཙུགས་ཡོདཔ་ད་ ཟླ་༡ པའི་ཚེས་༢༩ རེས་གཟའ་ཟླཝ་ལུ་ སྐུ་གླུད་ཆུར་གཤགས་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment