གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༥/༣/༢༠༡༣   དམངས་གཙོའི་ལམ་ལུགས་ ལེགས་ལམ་ལུ་ཞུགས་པའི་བརྡ་མཚོན།
༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པའི་ནང་ འདས་པའི་ལོ་ངོ་༥ གི་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ཕུལ་མི་དེ་གིས་ མི་མང་ལུ་ དམངས་གཙོའི་ལམ་ལུགས་ཐོག་ལས་ བཙག་འཐུ་གྲུབ་མི་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་དང་པའི་ མཐར་འཁྱོལ་དང་ འཐུས་ཤོར་བྱུང་མི་ཚུ་ དབྱེ་དཔྱད་འབད་ནི་གི་ ལམ་སྟོན་འབདཝ་མས།



བློན་ཆེན་གྱིས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ལྷན་བཞུགས་ནང་ སྙན་ཞུ་ཕུལ་མི་དེ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་ཡང་ རྒྱང་མཐོང་ནང་ དངོས་སུ་སྦེ་ བལྟ་ནི་དང་ ཉན་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ མི་སེར་ཁོང་ར་ལུ་ མིག་མཐོང་ལག་བཟུང་གི་ གྲུབ་འབྲས་བྱུང་མི་དང་ མ་བྱུང་མི་ཚུ་ བསམ་ཞིབ་འབད་ཚུགས་ཚུགསཔ་འོང་།
བློན་ཆེན་གྱིས་ ཞུ་དོ་བཟུམ་འབད་བ་ཅིན་ ལོ་ངོ་༥ གི་ཧེ་མར་ གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་འབད་མི་བརྒྱ་ཆ་༨༨ ཧྲིལ་བུམ་སྦེ་ གྲུབ་ཡོདཔ་མ་ཚད་ བརྒྱ་ཆ་༡༠ ཆ་ཤས་གྲུབ་ཡོདཔ་ལས་ བརྒྱ་ཆ་༢ རྐྱངམ་གཅིག་ གྲུབ་མ་ཚུགས་པར་ ལུས་ཡོད་ཟེར་མི་དེ་ བསྟོད་པར་འོས་པའི་ གྲུབ་འབྲས་ཅིག་ཨིན་མས།
མཐའ་ཟུར་གྱི་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ མཐོང་གསལ་ཆེ་བའི་ གྲུབ་འབྲས་སྦོམ་ཤོས་ར་ འཁོར་ལམ་དང་ ཞིང་ལམ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ སེལ་མི་དང་ འཐུང་ཆུ་བཀྲམ་སྤེལ་གྱི་ཁྱབ་ཚད་ དེ་ལས་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ཚུ་ཨིན་མས།
དེ་གི་ནང་དོན་ལས་ ང་བཅས་ཀྱིས་ ཡིད་ཆེས་ངལ་རངས་བསྐྱེད་དགོཔ་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་འདི་ དེང་སང་གོང་འཕེལ་གྱི་ ལམ་ཕྱོགས་ནང་ མི་ལོ་༤༧ ལས་བརྒལ་ མ་འགྱོ་རུང་ དུས་ཡུན་ཐུང་ཀུ་ཅིག་གི་ ནང་འཁོད་ལུ་ར་ འཛམ་གླིང་ནང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་འགྱོ་མི་ ཨང་༤ པའི་གྲངས་སུ་ ལྷོད་ཡོདཔ་སྦེ་ རྒྱལ་སྤྱི་དངུལ་ལས་ལས་སྡེ་གིས་ སྤྱི་ལོ་༢༠༡༢ ཀྱི་ སྙན་ཞུའི་ནང་ གསལ་བཀོད་འབད་ནུག།
འདི་བཟུམ་མའི་ གྲུབ་འབྲས་ངལ་རངས་ཏོག་ཏོ་བྱུང་མི་དེ་ གཞུང་རྐྱངམ་གཅིག་གི་ བརྩོན་ཤུགས་ལུ་བརྟེན་ཨིན་ན་ཟེར་ ལ་ལུ་ཅིག་གིས་ དྲི་བཀོད་འབད་མི་དེ་ཡང་ འཆར་གཞིའི་ལས་སྣ་ཚུ་ག་ར་ ལོ་ལྔའི་འཆར་གཞི་ནང་ གསལ་བཀོད་འབད་ཡོད་མི་ལུ་བརྟེན་ཨིན་མས།
ཁ་ཙ་ཉིན་མར་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་ཚོགས་པའི་སྐབས་ བློན་ཆེན་གྱིས་ དོགས་སེལ་གནང་མིའི་ནང་ འཆར་གཞི་ཚུ་ སྲིད་དོན་ཚོགས་པའི་ ཁས་བླངས་ཚུ་དང་འཁྲིལ་ བརྩམས་ཡོདཔ་ལས་ ལས་སྣ་ཚུ་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་གིས་ འཛིན་སྐྱོང་དང་ བསྟར་སྤྱོད་འབད་ཡོདཔ་ལས་ ག་ར་གི་ མཉམ་རུབ་བརྩོན་ཤུགས་ཀྱི་ གྲུབ་འབྲས་ཨིན་ཟེར་ཨིན་མས།
གཞུང་གི་ཁ་ཐུག་ལས་ ཧ་ལམ་བརྒྱ་ཆ་ཧྲིལ་བུམ་ཁས་བླངས་ཚུ་ གྲུབ་ཡོདཔ་སྦེ་ བརྗོདཔ་ཨིན་རུང་ འཆར་གཞི་༡༠ པའི་ལས་རིམ་ཚུ་ དོན་སྨིན་ཅན་དང་ ཁྱད་རིག་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གཞུང་གིས་ འཛམ་གླིང་རྒྱལ་སྤྱི་གྲོས་སྟོན་པ་ མེ་ཀཱན་ཟི་གིས་ གྲོས་འདེབས་བཀོད་མི་ཚུ་ མཐར་འཁྱོལ་བྱུང་མ་བྱུང་བདེན་དཔྱད་འབད་ནི་དེ་ཡང་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ ལས་སྣ་ལེ་ཤ་ཅིག་ར་ མཐར་འཁྱོལ་མ་བྱུང་པའི་ ལོ་རྒྱུས་ཡོད་ནི་དེ་གིས་ཨིན་མས།
ཨིན་རུང་ འདས་པའི་ལོ་ངོ་༥ གི་ རྒྱལ་ཁབ་ཀྱི་ གནས་སྟངས་སྙན་ཞུ་ལུ་ བལྟ་བ་ཅིན་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ ལེགས་ལམ་ལུ་ ཞུགས་དོ་ཡོད་པའི་ བརྡ་མཚོན་གསལ་སྟོན་འབདཝ་ལས་ ཡིད་ཆེས་དང་ དཔའ་ཉམས་བསྐྱེད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment