གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཕྱི་ཁར་ཡོད་པའི་ འབྲུག་པའི་བུམོ་ ད་ལྟོ་ཡང་ ལེན་མ་ཚུགས་པར་ཡོདཔ།

༥/༣/༢༠༡༣   ༉ སྐྱེས་ལོ་༡༧ ལང་མི་ འབྲུག་པའི་སློབ་ཕྲུག་བུམོ་ཅིག་ ས་མཚམས་ཕྱི་ཁར་སྡོད་དེ་ བདུན་ཕྲག་༢ དེ་ཅིག་ ལང་སོ་རུང་ ད་ལྟོ་ཡང་ ལེན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སློབ་རིམ་༧ པའི་ སློབ་ཕྲུག་བུམོ་དེ་ སྤྱི་ཟླ་༢ པའི་ཚེས་༡༦ གི་ཕྱི་རུ་ དབང་འདུས་ཕོ་བྲང་ལས་ བྱང་སྟོར་ཤོར་བའི་ཤུལ་ལས་ རྒྱ་གར་ཨ་སམ་མངའ་སྡེའི་ས་གནས་ དཱད་ག་རི་ལུ་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་ཅིག་གི་ ཁྱིམ་ནང་སྡོད་སར་ མཐོང་ཡོདཔ་ཨིན་པས།



བུམོ་དེ་གི་ཕམ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ལོག་ལེན་ནིའི་ རྒྱབ་སྐྱོར་དགོ་པའི་སྐོར་ལས་ ཡི་གུ་བཙུགས་ཡོད་རུང་ ལོག་ཐོབ་མ་ཚུགསཔ་ཨིན་པས།
བུམོ་དེ་ དཱད་ག་རི་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ བོ་རོ་གཡུས་ཚན་ནང་ ཕོ་སྐྱེས་དེ་གི་ཁྱིམ་ནང་ གནས་སྟངས་ལེགས་ཤོམ་སྦེ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ མོ་ར་ དབང་འདུས་ལས་ མོ་རང་གིས་ར་ ཨ་ཞེམོ་གི་ ཚོང་ཁང་ནང་ལས་ ཏི་རུ་དུམ་གྲ་ཅིག་ ཨརཝ་རྐུ་ཞིནམ་ལས་ བྱོག་འོང་ཡི་ཟེར་ སླབ་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ དགེ་ལེགས་ཕུག་ཁྲོམ་ཁར་ལྷོདཔ་ཅིག་ གླ་འཁོར་དེད་གཡོགཔ་ཅིག་ལས་ འགྲུལ་འཕྲིན་བརྙ་སྟེ་ ཕོ་སྐྱེས་དེ་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ ཕོ་སྐྱེས་དེ་གིས་ ས་མཚམས་སྒོ་ར་ཚུན་ ལེན་པར་འོང་ནུག་ཟེར་ཨིན་པས།
སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་དེ་གིས་ སླབ་མིའི་ནང་ མོ་ར་གིས་ ཁོ་འབད་སར་ འོང་ནུག་ཟེར་ཨིནམ་ད་ དགེ་ལེགས་ཕུག་ལུ་ལྷོད་ཅི་ཟེར་ འགྲུལ་འཕྲིན་ལྷོད་ཞིནམ་ལས་ ཤོག་ཟེར་སླབ་ཅི་ཟེར་ཨིན་པས།
དཱད་ག་རི་ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ ཕོ་སྐྱེས་དེ་གི་ཨ་ཞེམོ་ རོ་ཧི་ལ་གིས་ སླབ་མིའི་ནང་ བུམོ་དེ་ དབང་བཙོང་ཐོག་ལས་ ཁྱིད་ཁྱིདཔ་མེན་པར་ མོ་རང་གིས་ར་ འོང་ནི་དེ་གིས་ བཞག་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
བུམོ་དེ་ ཧེ་མ་ཡང་ ཕོ་སྐྱེས་དེ་གི་ཁྱིམ་ནང་ སྡོད་སར་མཐོང་བའི་ཤུལ་ལས་ བདུན་ཕྲག་ལྷགཔ་ཅིག་གི་རྒྱབ་ལས་ ཕམ་ཚུ་གིས་ ལོག་ལེན་ཡོདཔ་ཨིན་པས།
བུམོ་གི་ཨའི་གིས་ སླབ་མིའི་ནང་ བུམོ་དེ་ཁྱིད་སོང་བའི་ཤུལ་ལས་ འགྲུལ་འཕྲིན་ཡང་ འཕྱོག་བཞག་སྟེ་ འབྲེལ་བ་འཐབ་ནི་མེདཔ་བཟོ་ཞིནམ་ལས་ མོ་ར་ཡང་ དཔེ་ཆ་ལྷབ་ནི་སྦེ་ སེམས་གྱུར་ཡོད་རུང་ ཕོ་སྐྱེས་དེ་གིས་ མོ་གི་འགྲུལ་འཕྲིན་ནང་ འགྲུལ་འཕྲིན་བཏངམ་བཏང་སར་ སྡོད་ནི་དེ་གིས་ ཁོ་གིས་ར་ ཤོག་ཟེར་སླབ་སླབ་འོང་ཟེར་ཨིན་པས།
བུམོ་དེ་གི་ ཨ་ཞེམོ་ཨིན་མི་ སྐྱེས་ལོ་༡༩ ལང་མི་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ སློབ་གྲྭ་ཆེ་བ་ཅིག་གི་ སློབ་རིམ་༡༠ པའི་ སློབ་ཕྲུག་ཨིན་མི་ རིན་ཆེན་གྱིས་ སླབ་མིའི་ནང་ མོ་གི་ནུམོ་དེ་ བྱང་སྟོར་མ་ཤོར་བའི་ཧེ་མར་ བ་འཇོ་ལུ་ ཚོང་རྐྱབ་སྡོད་མི་ མོ་གི་ཨ་ཞེམོ་གི་ འགྲུལ་འཕྲིན་ནང་ བཀྲ་ཤིས་སེལ་གྱི་འགྲུལ་འཕྲིན་ཨང་ནང་ལས་ འགྲུལ་འཕྲིན་ཡང་བསྐྱར་ལྷོད་པའི་ཤུལ་ལུ་ དེ་ཚེ་ཕྱི་རུ་ བྱང་སྟོར་ཤོར་སོ་ཡི་ཟེར་ ཉོགས་བཤན་བཀོད་ཡོདཔ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གནད་དོན་དེ་ དབང་བཙོང་ཐོག་ལས་མེན་པར་ མོ་ར་གིས་ སོང་ཡོདཔ་ལས་ ད་ལྟོ་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བུམོ་དེ་ དབང་བཙོང་ཐོག་ལས་ ཁྱིད་སོང་སོངམ་ཨིན་པ་ཅིན་ རྒྱ་གར་ལས་ རྒྱབ་སྐྱོར་ལེན་ཏེ་ ཁྱིད་འོང་ཚུགས་ནི་ཨིན་རུང་ ད་རེས་ཀྱི་ཐད་ཁར་ མོ་ར་གིས་ ཕམ་གིས་སླབ་རུང་ ཉན་མ་བཏུབ་པར་ སོང་མི་དེ་ལུ་ བང་བཙོང་སྟེ་ ཁྱིད་འོང་པ་ཅིན་ རང་སྲོག་བཅད་ནིའི་ ཉེན་ཁ་ཡང་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཚ་གྱང་ཡོདཔ་ལས་ གནས་སྟངས་ཚུ་ ག་དེ་སྦེ་ ལེགས་བཅོས་འགྱོ་འོང་ག་ སྒུག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment