གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་བརྗེ་སོར་ལམ་ལུགས་ཐོག་ལས་ཐོབ་མི་ རུ་པི་ཚུ་ བསྐྱིན་ཚབ་སྤྲོད་ནིའི་དོན་ལུ་ ལག་ལེན་འཐབ་ནི།

༡༢/༣/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱ་གར་གྱི་ རི་ཟབ་དངུལ་ཁང་༢ ཀྱི་བར་ན་ ཏི་རུ་བརྗེ་སོར་འབད་ནིའི་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ འབྲུག་གི་དངུལ་ཁང་ལྟེ་བ་གིས་ དངུལ་ཀྲམ་དུང་ཕྱུར་༥.༥ རུ་པི་དང་ བརྗེ་སོར་འབད་ཚུགས་ནི་ཨིན་རུང་ ཧེ་མ་ལས་ བསྐྱིན་འགྲུལ་ལེན་ཡོད་མིའི་ བསྐྱིན་ཚབ་བཏབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།


རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་འོག་མ་ པུཤ་པ་ལཱལ་ ཆེ་ཏི་རི་གིས་འབད་བ་ཅིན་ ད་ལྟོ་ཚུན་ དབང་འཛིན་གྱིས་ པཱན་ཇཱབ་རྒྱལ་ཡོངས་དངུལ་ཁང་ནང་ལས་ རུ་པི་དུང་ཕྱུར་༥ ལེན་ཡོདཔ་ལས་ ད་རེས་ཀྱི་ དངུལ་བརྗེ་སོར་མཐུན་རྐྱེན་ཐོག་ལས་ཐོབ་མི་ རུ་པི་ཚུ་ བསྐྱིན་ཚབ་བཏབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐུན་རྐྱེན་དེ་ལུ་བརྟེན་ རྒྱལ་ཁབ་ནང་ ད་ལྟོ་ལེན་ཡོད་པའི་ བསྐྱིན་འགྲུལ་ཚུ་དང་ཕྱདཔ་ད་ བསྐྱེད་བརྒྱ་ཆ་༥༠ གིས་ མར་ཕབ་ཐོག་ ཐོབ་མི་དེ་མ་གཏོགས་ རྒྱལ་ཁབ་ནང་ ཏི་རུ་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་ ལྷན་ཐབས་ག་ཅི་ཡང་ མི་འོང་ཟེར་ཨིན་པས།
དེ་མ་ཚད་ ད་རེས་བརྗེ་སོར་འབད་མི་ ཏི་རུའི་ཡོངས་བསྡོམས་དེ་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ག་ར་ལུ་ གཅིག་མཚུངས་སྦེ་ བཟོ་བཟོཝ་ཅིག་འབད་ནི་དེ་གིས་ ཚད་གཞི་ཡར་སེང་འབད་ཚུགས་པའི་ ཐབས་ལམ་མེདཔ་ད་ བརྗེ་སོར་གྱི་གནས་ཡུན་དེ་ཡང་ ཟླཝ་༦ ལས་མེདཔ་ཨིན་རུང་ གལ་སྲིད་འབད་ཐབས་ཡོད་པ་ཅིན་ གནས་ཡུན་ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
བརྗེ་སོར་འབད་བའི་སྐབས་ མཐུན་རྐྱེན་གྱི་ གནས་ཡུན་མ་ཚང་ཚུན་ རི་ཟབ་དངུལ་ཁང་གི་རྩིས་ཁྲ་ནང་ དངུལ་ཀྲམ་བཙུགས་བཞག་དགོཔ་ད་ མཐུན་རྐྱེན་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དབང་འཛིན་གྱི་ གནད་སྡུད་དང་འཁྲིལཝ་ད་ ད་ལྟོ་ཚུན་ དབང་འཛིན་གྱིས་ རྒྱ་གར་གཞུང་ལས་ རུ་པི་ཐེར་འབུམ་༦ དང་ ཨེསི་བི་ཨའི་ལས་ རུ་པི་ཐེར་འབུམ་༡༠ དེ་ལས་ པཱན་ཇཱབ་རྒྱལ་ཡོངས་དངུལ་ཁང་ལས་ རུ་པི་ཐེར་འབུམ་༥ ཐོབ་ལམ་ཡོད་ས་ལས་ ཐེར་འབུམ་༤.༤ བསྐྱིན་འགྲུལ་ལེན་ཚར་ཡོདཔ་ཨིན་པས།
ད་ལྟོ་ཚུན་ འབྲུག་གིས་ རྒྱ་གར་གཞུང་དང་ རྒྱ་གར་གྱི་ དངུལ་ཁང་ཚུ་ལས་ ཡོངས་བསྡོམས་རུ་པི་ བསྐྱིན་འགྲུལ་ ཐེར་འབུམ་༡༧ དེ་ཅིག་ ལེན་ཡོདཔ་མ་ཚད་ ད་རུང་ རྒྱ་གར་གཞུང་ལས་ ཐེར་འབུམ་༤ འཕྲལ་མགྱོགས་ར་ ལྷོད་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཏི་རུ་བརྗེ་སོར་ཟེར་མི་དེ་ཡང་ རྒྱལ་ཁབ་ཚུ་གི་བར་ན་ དུས་ཡུན་གྱི་ ཚད་གཞི་ཐོག་ལས་ རྒྱལ་ཁབ་རང་སོའི་ ཏི་རུ་ཚུ་ རྒྱལ་ཁབ་གཞན་གྱི་ ཏི་རུ་དང་གཅིག་ཁར་ བརྗེ་སོར་འབད་ནིའི་ ལམ་ལུགས་ཅིག་ཨིནམ་ད་ རྒྱ་འབྲུག་གཉིས་ཀྱི་ཐད་ལུ་ལྷོདཔ་ད་ དངུལ་ཀྲམ་དང་ རུ་པི་གཉིས་ བསྐྱེད་བརྒྱ་ཆ་༦.༥ གི་ཐོག་ལས་ བརྗེ་སོར་འབད་ནི་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ ཨེསི་བི་ཨའི་ལས་ བསྐྱིན་འགྲུལ་ལེན་པའི་སྐབས་ སྐྱེད་བརྒྱ་ཆ་༡༠ དང་ པཱན་ཇཱབ་རྒྱལ་ཡོངས་དངུལ་ཁང་ལུ་ བརྒྱ་ཆ་༡༠.༥ སྤྲོད་དགོ་མི་དང་ཕྱདཔ་ད་ དམའ་སུ་ཅིག་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་མཁས་མཆོག་ཚུ་གིས་འབད་རུང་ མཐུན་རྐྱེན་དེ་ལུ་བརྟེན་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ བསལ་ནི་མ་གཏོགས་ གཞན་མི་ ཏི་རུ་མ་ལང་པའི་དཀའ་ངལ་ལུ་ ཕན་གྲོགས་མི་བྱུང་ཟེར་ཨིན་པས།
དེ་བཟུམ་མའི་ མཐུན་རྐྱེན་གཞི་བཙུགས་འབད་ནི་དེ་ཡང་ ནེ་པཱལ་ལུ་སྦེ་འཚོགས་མི་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་རྒྱལ་ཁབ་ཀྱི་ སྤྱི་འཛིན་ཚུ་གི་ ཞལ་འཛོམས་སྐབས་ གྲོས་ཐག་བཅད་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment