གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི།

༡༡/༣/༢༠༡༣   བསྐུལ་བསྒྲགས་ལས་རིམ་ཚུ་ སྤྱི་ཟླ་༤ པའི་ཚེས་༢༡ གི་ དྲོ་པའི་ཆུ་ཚོད་༩ གི་ནང་འཁོད་ལུ་ མཚམས་འཇོག་འབད་དགོཔ།
༉ དུས་ཅི་ འབྲུག་གི་དམངས་གཙོ་ཅན་གྱི་ སྤྱི་ཚོགས་གཉིས་པའི་ བཙག་འཐུ་འགོ་བཙུགསཔ་དང་འབྲེལ་ བསྐྱར་ཞིབ་ཚོགས་ཅིག་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ མི་དབང་མཆོག་གིས་གནང་མི་ བཀའ་ཤོག་གསལ་སྟོན་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚངམ་དང་འབྲེལ་ ཚོགས་སྡེ་གསརཔ་གཞི་བཙུགས་འབད་ཚུགས་ནིའི་དོན་ལུ་ ཚེས་གྲངས་དེ་ཁར་ འགོ་འདྲེན་འཐབ་དགོཔ་སྦེ་ བཀའ་ཤོག་གནང་མི་དང་འཁྲིལ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་ཞལ་འཛོམས་འཚོགས་ཐོག་ལས་ གསལ་བསྒྲགས་འབད་ཡི།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ རྫོང་ཁག་སོ་སོའི་ རྒེད་འོག་ཚུ་ནང་ལས་ འདེམས་ངོ་གདམ་འཐུའི་ འཛོམས་འདུ་ལས་རིམ་ཚུ་ ནངས་པ་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༣ པའི་ཚེས་༣༡ གི་ ནང་འཁོད་ལུ་ གདམ་འཐུ་གྲུབ་པའི་ འདེམས་ངོ་ཚུ་གིས་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལུ་ ཐོ་བཀོད་འབད་ཚར་དགོཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༤ ལས་ ཐོ་བཀོད་གྲུབ་མི་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་བཙུགས་དགོཔ་བཞིན་དུ་  བཙག་འཐུའི་བཅའ་ཁྲིམས་དང་བསྟུན་ ཚོགས་རྒྱན་གྱི་ཉིནམ་ལས་ དུས་ཡུན་ཆུ་ཚོད་༤༨ ཀྱི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༢༡ གི་ དྲོ་པའི་ཆུ་ཚོད་༩ གི་ནང་འཁོད་ལུ་ བསྐུལ་བསྒྲགས་མཚམས་འཇོག་འབད་དགོཔ་ཨིན་པས།
འདེམས་ངོ་ཚུ་གི་ བསྐུལ་བསྒྲགས་ལས་རིམ་ཚུ་ཡང་ བཙག་འཐུ་འགོ་དཔོན་ཚུ་གིས་ འགོ་འདྲེན་ཐོག་ མི་སེར་ཚུ་ འཛོམས་འདུ་ བཀུག་ཞིནམ་ལས་ འདེམས་ངོ་ག་ར་སྟབས་གཅིག་ཁར་ བསྐུལ་བསྒྲགས་འབད་ནི་གི་ སྤྱིར་བཏང་བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་རུང་ ཁྱིམ་གུང་བདའ་སྟེ་ བསྐུལ་བསྒྲགས་འབད་ནི་དེ་ དྲོ་པའི་ཆུ་ཚོད་༧ ལས་ ཕྱི་རུའི་ཆུ་ཚོད་༨ ཚུན་གྱི་བར་ན་མ་གཏོགས་ འབད་མི་ཆོག་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཁ་ཙ་ གསལ་སྟོན་འབད་མི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་འཁྲིལཝ་ད་ འོས་འབབ་ཅན་གྱི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༣༨༧,༧༣༣ ཡོད་མི་ལས་༡༩༢,༠༧༦ ཕོ་སྐྱེས་དང་༡༩༥,༦༥༧ ཨམ་སྲུ་ཚུ་ཨིནམ་ད་ རྫོང་ཁག་༢༠ ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༨༥༠ དེ་ཅིག་ཡོདཔ་ཨིན་པས།
ཨིན་རུང་ ཐོ་ཡིག་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ཚུན་ཚོད་ མི་མང་གི་བརྟག་ཞིབ་ཐོག་ ཐོབ་བརྗོད་དང་ དག་ཆ་འབད་དེ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཐོ་ཡིག་ནང་ མ་ཚུད་མི་ཚུ་ བཙུགས་ནི་དང་ འོས་འབབ་མེད་མི་ ཐོ་ཡིག་ནང་ཚུད་དེ་ཡོད་པ་ཅིན་ དག་ཆ་འབད་དེ་ བཏོན་ཐབས་ལུ་ གོ་སྐབས་ཚུ་ བྱིན་ཞིནམ་ལས་ སྤྱི་ཟླ་༣ པའ་ིཚེས་༢༣ ལས་ ཐོ་ཡིག་དེ་ གཏན་འཁེལ་བཟོ་ནི་ཨིན་པས།
ཚོགས་སྡེའི་བཙག་འཐུའི་དོན་ལུ་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༤༩,༧༠༦ དེ་ཅིག་ཡོདཔ་ད་ དེ་ཚུ་གིས་ ད་རིས་ལས་འགོ་བཙུགས་ སྤྱི་ཟླ་༤ པའི་ཚེས་༣ ཚུན་ཚོད་ རང་སོའི་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་ནི་གི་ དུས་ཚོད་ཨིནམ་བཞིན་དུ་ ཚེས་གྲངས་མཇུག་བསྡུཝ་ད་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ འབྲེལ་ཡོད་ཚོགས་རྒྱན་བཙུགས་མི་ཚུ་ལུ་གཏང་ནི་ འགོ་བཙུགས་ནི་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཚུ་ རང་སོའི་ལག་པར་ ལྷོད་ཞིནམ་ལས་ ཚུལ་མཐུན་ཚོགས་རྒྱན་གྱི་ འབྲི་ཤོག་ཚུ་ བཀང་ཞིནམ་ལས་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ ལྷོད་དགོཔ་ཨིན་པས།
ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གིས་ ཚོགས་རྒྱན་འདྲ་པར་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་འབག་འོང་དགོཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ མི་དབང་མངའ་བདག་རྒྱལ་པོ་མཆོག་ལུ་ ཕུལ་ནི་དང་ བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གིས་ གྲུབ་འབྲས་དང་འབྲེལ་བའི་ གནད་དོན་ནང་ རྩོད་དོན་མཐོ་གཏུགས་འབད་ནི་ ཡོད་པ་ཅིན་ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ནང་འཁོད་ལུ་ འབད་དགོཔ་ཨིན་པས།
བཙག་འཐུའི་གནས་ཡུན་སྐབས་ ཆོས་སྒོར་ཞུགས་མི་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་ནང་ འབྲེལ་གཏོགས་འབད་མ་ཆོགཔ་མ་ཚད་ ཚོགས་རྒྱན་ཡང་ བཙུགས་མ་ཆོག་པའི་ཁར་ འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ ཡང་ཅིན་ འདེམས་ངོ་ཚུ་ལུ་ རིམ་གྲོ་ གཏོར་ཟློག་ལ་སོགས་པ་གནང་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཚུ་ཡང་ མི་ཆོག་ཟེར་ བཙག་འཐུའི་ལྷན་ཚོགས་ཀྱི་ གསལ་བསྒྲགས་ནང་ བཀོད་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment