གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལ་ཡ་ལས་ མཐོ་རིམ་ཤེས་ཚད་འཆང་མི་དང་པ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི།

༢༡/༣/༢༠༡༣   ༉ ལ་ཡ་རྒེད་འོག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ འགོ་དང་པ་ཨིན་མི་ བསྟན་འཛིན་གྱིས་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
བསྟན་འཛིན།


ཨ་ལུ་༢ ཀྱི་ ཨ་པ་ཨིན་མི་བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༨ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ས་ཆ་རིག་པའི་མཐོ་རིམ་ཤེས་ཚད་ ཨོ་ནརསི་མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༠ ལས་འགོ་བཙུགས་ ལོ་༣ གྱི་རིང་ གླིང་བཞི་དྲུང་ཁག་ སྲོས་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་གཞི་ཁོ་ར་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ དང་འདོད་ཡོད་པའི་གུ་ སྤྱི་ལོ་༢༠༠༧ གྱི་ བཙག་འཐུ་སྐབས་ ལ་ཡ་དང་ ལུང་ནག་ནང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་༢ ཆ་རའི་དོན་ལུ་ གདམ་ངོ་ག་ཡང་མ་ཐོནམ་ལས་ གཡུས་མི་ཚུ་གིས་ བཅའ་མར་གཏོགས་དགོ་པའི་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཁོ་གིས་ མགར་ས་རྫོང་ཁག་གི་ ལ་ཡ་དང་ ལུང་ནག་ནང་ ཁ་སྟོད་ དེ་ལས་ ཁ་སྨད་རྒེད་འོག་ཚུ་གི་ མི་རྒན་ཤོས་ཚུ་དང་ཡང་ གྲོས་བསྟུན་ཅིག་འབད་བའི་སྐབས་ ཁོང་གིས་འབད་རུང་ རྒྱབ་སྐྱོར་ཡོདཔ་སྦེ་ སླབ་ཅི་ཟེར་ཨིན་པས།
བསྟན་འཛིན་གྱིས་ བཤད་མིའི་ནང་ མི་སེར་ཚུ་གིས་ རྒྱབ་སྐྱོར་ལེགས་ཤོམ་འབད་བའི་ཁར་ གོ་སྐབས་ཐོབ་པའི་སྐབས་ བཅའ་མར་གཏོགས་ནི་དེ་ ཁག་ཆེཝ་སྦེ་མཐོང་སྟེ་ སེམས་ཐག་བཅད་ཅི་ཟེར་ཨིནམ་མ་ཚད་ ཁོ་གིས་ འབྲེལ་གཏོགས་འབད་མི་དེ་གིས་ མི་སེར་ཚུ་ལུ་ གདམ་ཁ་མངམ་སྤྲོད་ཚུགས་ནི་ཨིནམ་ལས་ མི་སེར་ཁོང་ར་ལུ་ ཕན་ཐོགས་པའི་མི་དེ་ གདམ་འཐུ་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ མགར་ས་རྫོང་ཁག་ལས་ ཚོགས་སྡེའི་དོན་ལུ་ མི་ངོ་༣ པ་ཨིན་མི་དེ་གིས་འབད་བ་ཅིན་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ རྒཔོ་གི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དཔའ་བཅམ་ཡོདཔ་ཨིན་རུང་ དེ་གིས་ ས་གནས་ཀྱི་ མ་འོངས་ན་གཞོན་ཚུ་ལུ་ དཔེ་ལེགས་ཤོམ་ཅིག་ མི་འོང་ནི་བཟུམ་ཅིག་མཐོང་སྟེ་ བཤོལ་བཞག་ཡི་ཟེར་ཨིན་པས།
གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཚོགས་སྡེའི་བཅའ་ཁྲིམས་དང་འཁྲིལ་ རྫོང་ཁག་ནང་ ལོ་རེ་ལུ་ ཚར་༢ རེ་ འགྲུལ་བསྐྱོད་འབད་དེ་ སྤྱི་ཚོགས་ནང་ དཔྱད་ཡིག་ག་བཟུམ་ལུ་ གསུང་གྲོས་གནང་ནི་ཨིན་ན་ཚུ་ལུ་བལྟ་སྟེ་ མི་སེར་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ ཁྲིམས་ཚུ་ ལག་ལེན་འཐབ་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སེར་ཚུ་གིས་ འཆར་གཞི་༡༡ པ་དང་འཁྲིལ་ གོང་འཕེལ་གྱི་ ལཱ་ཚུ་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ དམིགས་བསལ་དུ་ ལུང་ཕྱོགས་འདྲ་མཉམ་གོང་འཕེལ་གཏང་ནི་ཚུ་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཨིན་ཟེར་ ཁོ་གིས་སླབ་ཨིན་པས།
ཁོ་གིས་སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་གནས་སྟངས་ནང་ ན་གཞོན་མང་ཤོས་ཅིག་གི་སེམས་ཁར་ ཁོང་གིས་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་སྟེ་འབད་རུང་ གཡོག་གི་གོ་སྐབས་ཚུ་ མི་ཕྱུགཔོ་ཚུ་ལུ་ རྐྱངམ་གཅིག་མ་གཏོགས་ མི་འཐོབ་ནི་ཨིན་པའི་ མནོ་ལུགས་ཡོདཔ་ལས་ ད་རེས་ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་གིས་ ན་གཞོན་ཚུ་ལུ་ སེམས་ཤུགས་ལེགས་ཤོམ་ཅིག་ བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མ་གཞི་ཁོ་ལུ་ སྲིད་ཚོགས་དག་པ་ཅིག་གིས་ར་ བཅའ་མར་གཏོགས་དགོཔ་སྦེ་ ཚར་ལེ་ཤ་ཅིག་ར་ སླབ་མི་ཐོན་ཡོདཔ་ཨིན་རུང་ གལ་སྲིད་ཁོ་ར་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་པ་ཅིན་ མི་ཚུ་གི་བར་ན་ དབྱེ་ཁག་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ ངོས་ལེན་མ་འབད་ཟེར་ཨིན་པས།
བསྟན་འཛིན་ཁོ་ར་ ཕམ་ཉམ་ཆུང་དང་ མཐའ་ཟུར་ས་གནས་ནང་ སྐྱེས་ཡོདཔ་མ་ཚད་ མཐོ་རིམ་ཤེས་ཡོན་ སྦྱང་ཚར་བའི་ཤུལ་ལས་འབད་རུང་ མཐའ་ཟུར་ས་གནས་ནང་ ཕྱག་ཞུ་མི་ལུ་བརྟེན་ མི་སེར་ཚུ་གི་ གནས་སྟངས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ཚོགས་སྡེའི་དོན་ལུ་ མི་ངོ་གཞོནམ་ ལེ་ཤ་ཅིག་ར་ ཐོན་དོ་ཡོད་མི་དང་འཁྲིལ་ མི་སེར་ཚུ་གིས་ ཉམས་མྱོང་ཡོད་མེད་ཀྱི་སྐོར་ལས་ ལོ་རྒྱུས་ལེ་ཤ་ཅིག་ར་ སླབ་དོ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ མ་གཞི་ ཚོགས་སྡེའི་འཐུས་མི་ཚུ་ ཉམས་མྱོང་ཅན་ ཙང་ཙ་འཐོན་པ་ཅིན་ གནམ་མེད་ས་མེད་ ལེགས་ཤོམ་འོང་ནི་ཨིན་རུང་ ལོ་༢༠ ལས་ལྷག་སྟེ་ གཞུང་ལུ་ ཕྱག་ཞུ་མི་ཚུ་གི་ཐད་ལུ་འབད་རུང་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
མི་དེ་ མི་སེར་དང་ གཞུང་ དེ་ལས་ རྒྱལ་ཁབ་ལུ་ཕན་པའི་ དམིགས་བསལ་གྱི་ ལཱ་ག་ཅི་ཡང་ མ་འབད་མི་ཅིག་འབད་བ་ཅིན་ གཡོག་གི་ཉམས་མྱོང་ ག་དེམ་ཅིག་ཡོད་རུང་ ཁོ་རའི་འཚོ་བའི་དོན་ལུ་ ཐབས་མེད་པར་ ལཱ་འབད་ཡོདཔ་ལས་ ཡིད་ཆེས་བསྐྱེད་དགོཔ་ཅིག་ མི་མཐོང་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ ཕྱག་འགན་དེ་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ ཁྲིམས་བཟོ་ནི་དེ་ ཨིནམ་བཞིན་དུ་ ཧེ་མ་ ཚོགས་སྡེའི་ནང་ ཕྱག་ཞུ་མི་ཅིག་མེན་པ་ཅིན་ གདམ་ངོ་དེ་ལུ་ ཁྲིམས་བཟོའི་ཉམས་མྱོང་ མི་འོང་ནི་དང་ མི་སེར་གྱི་ དཀའ་ངལ་ཚུ་གི་སྐོར་ལས་ ཧ་གོ་ཚུགས་དང་ མི་ཚུགས་ཀྱི་ཐད་ལུ་ལྷོདཔ་ད་ ཁོ་ལུ་ ཉམས་མྱོང་སྦོམ་ཡོདཔ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
ཁོ་ལུ་ ཁོ་རའི་བཟའ་ཚང་དང་ ཕམ་ཚུ་གི་ སྐྱིད་སྡུག་བལྟ་དགོཔ་ ལེ་ཤ་ཡོད་རུང་ ཟླ་རིམ་གྱི་ དངུལ་ཕོགས་ཅིག་ཐོབ་ཐབས་ལུ་ གཞུང་གཡོག་དེ་ཡང་ རྒྱབ་ཁར་བཀོག་བཞག་སྟེ་ ཉེན་ཁ་འབག་ཐོག་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་ གཙོ་བོར་ མི་སེར་ཚུ་གི་ མཐའ་དོན་ལུ་ལྟ་སྟེ་ཨིནམ་ལས་ རྒེད་འོག་༤ པོ་ཆ་རའི་ མི་སེར་ཚུ་ལས་ རྒྱབ་སྐྱོར་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment