གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་ཟམ་རྐྱབ་ཚརཝ་ད་ རྒེད་འོག་གཞན་ཚུ་དང་ སྦྲེལ་མཐུད་འབད་ཚུགས་ནི།

༢༡/༣/༢༠༡༣   ༉ ད་རེས་ནངས་པ་ ལྕགས་ཁྲམ་དང་ ཡན་ལག་ཅ་ཆས་ཚུ་ རྒེད་འོག་ནང་ སྐྱེལ་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་ཚུ་ག་ར་ འཆར་གཞི་དང་འཁྲིལ་ འགྱོ་བ་ཅིན་ སིབ་སུ་དྲུང་ཁག་ ནོར་རྒྱས་སྒང་རྒེད་འོག་གི་དོན་ལུ་ འཕྲལ་མགྱོགས་ར་ ལྕགས་ཟམ་གསརཔ་ཅིག་ བཟོ་སྐྲུན་འབད་ཚུགས་ནི་ཨིནམ་ལས་ བསམ་རྩེ་རྫོང་ཁག་གི་ རྒེད་འོག་གཞན་ཚུ་དང་ སྦྲེལ་མཐུད་ཐོག་ རྒྱུན་འབྲེལ་འབད་ཚུགས་ནི་ཨིན་པས།
སྣུམ་འཁོར་བོ་ལི་རོ་གིས་ གཞི་རྟེན་ལམ་བསལ་ཚར་མི་བདའ་སྟེ་ འགྲོ་འགྲུལ་འབད་བའི་བསྒང་།


ལྕགས་ཟམ་ལུ་བརྟེན་ རྒེད་འོག་ནང་ ཚོང་འབྲེལ་གྱི་ གོ་སྐབས་དང་ ལས་སྣ་གཞན་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ད་ལྟོ་ ཟམ་མེད་མི་ལུ་བརྟེན་ ཧེ་མ་བཱ་ར་ཟེར་སླབ་མི་ ནོར་རྒྱས་སྒང་རྒེད་འོག་གི་ མི་སེར་ཚུ་ གཏན་འབྲུ་རྒེད་འོག་ལས་ གྱེན་ལམ་བདའ་སྟེ་ ཉིན་ལམ་ཅིག་དང་ ཁ་མར་ལྟ་སྟེ་ བཱ་ར་གཡུས་ཚན་ནང་ དུས་ཡུན་ཆུ་ཚོད་༣ ལམ་འགྱོ་དགོཔ་ཨིན་པས།
གཏན་འབྲུ་དེ་ སིབ་སུ་དྲུང་ཁག་ལས་ ལམ་ཀི་ལོ་མི་ཊར་༦༩ དེ་ཅིག་གི་ས་ཁར་ཡོདཔ་མ་ཚད་ སིབ་སུ་དང་ བསམ་རྩེ་ཁྲོམ་གྱི་བར་ན་ ཀི་ལོ་མི་ཊར་༤༥ དེ་ཅིག་ ཡོདཔ་ཨིན་པས།
མ་གཞི་ རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་དང་པ་ བསལ་ཚར་ཡོད་རུང་ ཟམ་མ་རྐྱབ་པ་ཅིན་ ལམ་དེ་གིས་ ཕན་ཐོགས་ག་ནི་ཡང་ མི་འབྱུང་ཟེར་ གྲོང་གསེབ་མི་སེར་ཚུ་གིས་ སླབ་ཨིན་པས།
དེ་ཡང་ བཱ་ར་དང་ གཏན་འབྲུ་རྒེད་འོག་གཉིས་ཀྱི་བར་ན་ལས་བབས་མི་ ཇཱལ་ད་ཀ་གཙང་ཆུ་ལུ་བརྟེན་ རྒེད་འོག་གཞན་ཚུ་དང་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ཡོདཔ་ད་ ད་ལྟོ་ གཏན་འབྲུ་རྒེད་འོག་ལས་ གཞི་རྟེན་ལམ་སེལ་བའི་བསྒང་ཡོད་མི་དེ་ ཇཱལ་ད་ཀ་གཙང་ཆུའི་མཐའ་མ་ཚུན་ ལྷོད་ཡོདཔ་མ་ཚད་ གཙང་ཆུའི་མཐའམ་གཞན་ལས་ འཕྲོ་མཐུད་དེ་ རྒེད་འོག་ལྟེ་བ་ཚུན་ སེལཝ་ཨིན་པས།
དྲུང་ཁག་གི་ བཟོ་རིག་འགོ་དཔོན་ པདྨ་དབང་ཆེན་གྱིས་ སླབ་མིའི་ནང་ རིང་ཚད་ཕིཊ་༡༦༠ འབད་མི་ ལྕགས་ཟམ་རྐྱབ་ནི་གི་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ཏེ་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ འགོ་མ་བཙུགས་པའི་ཧེ་མར་ བསྒྲུབ་ཚུགསཔ་འབད་ནི་ལུ་ རྩ་འགེངས་ནི་ཟེར་ཨིན་པས།
ང་བཅས་ཀྱིས་ གནམ་བྱཱར་འགོ་མ་བཙུགསཔ་ལས་ར་ ཟམ་གྱི་རྨང་གཞི་མཇུག་བསྡུ་ཚུགས་པ་ཅིན་ ཟམ་དེ་ དུས་ཚོད་ཁར་ རྐྱབ་ཚར་འོང་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་པའི་ཁར་ དེ་མིན་ གཙང་ཆུ་བྲེས་པའི་བསྒང་ལས་ ཟམ་གྱི་ལཱ་ཡུན་འགྱངས་སྦེ་ལུས་འོང་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྟག་ཞིབ་འགོ་དང་པ་འབདཝ་ད་ ས་ཁོངས་དེ་ནང་ ཟམ་རྐྱབ་ནི་གི་ འོས་འབབ་མེདཔ་ མཐོང་མི་ལུ་བརྟེན་ ཟམ་རྐྱབ་ནིའི་ལཱ་ཚུ་ ཟླཝ་༢ ཕྱིས་སོ་ཡི་ཟེར་ཨིནམ་ད་ ཁོང་གིས་ ས་ཁོངས་གསརཔ་ནང་ བརྟག་ཞིབ་དང་ བཟོ་བཀོད་ལོག་འབད་ཡི་ཟེར་ཨིན་པས།
སྣུམ་འཁོར་ཆེ་བ་དང་ ཆུང་བ་གཉིས་ཆ་ར་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་མི་ ལྕགས་ཟམ་དེ་ གཞུང་གི་མ་དངུལ་ས་ཡ་༡.༧ གྱི་ཐོག་ལས་ རྐྱབ་ནི་ཨིནམ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཆོས་སྐུ་དབང་ཕྱུག་གིས་ སླབ་མིའི་ནང་ ཟམ་རྐྱབ་ཚར་བའི་བསྒང་ལས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་དང་ དམིགས་བསལ་གྱི་ གློ་བུར་དུ་ན་མི་ ནདཔ་ཚུ་ སྨན་ཁང་ནང་ དུས་ཚོད་ཁར་ བསྐྱལ་ཚུགས་འོང་ཟེར་ཨིན་པས།
རྒེད་འོག་དེ་གི་ སྤྱི་འོག་༥ ཡོད་མི་དེ་ནང་ ཁྱིམ་གུང་༦༥༠ ཡོདཔ་ཨིན་པས།
ཆོས་སྐུ་དབང་ཕྱུག་གིས་འབད་བ་ཅིན་ ཞིང་ལམ་གྱི་ གཞི་རྟེན་ལམ་སེལ་མི་དང་བསྟུན་ ཧེ་མ་ མི་སེར་ཚུ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ བིན་དུ་ལུ་ འགྱོ་ནི་ཡོད་མི་དེ་ཡང་ མར་བབས་སོང་ཡོདཔ་ལས་ གཞི་རྟེན་ལམ་ཀི་ལོ་མི་ཊར་༡༦ བསལ་ཚར་མི་གིས་ ཕན་ཁྱད་བྱུང་ཡོད་ཟེར་ཨིནམ་ད་ གྲོང་གཡུས་མི་སེར་དག་པ་ཅིག་གིས་ གཞི་རྟེན་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ བོ་ལི་རོ་དང་ ཡང་ཅིན་ ཤུགས་ཚད་ཕོར་ཝིལ་ཡོད་མི་ སྣུམ་འཁོར་ཚུ་ནང་སྦེ་ རང་སོའི་ཅ་ཆས་ཚུ་ བསམ་རྩེ་ལུ་ སྐྱེལ་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྣུམ་འཁོར་ཚུ་ གནམ་དགུན་ལུ་ རྐྱངམ་གཅིག་ འགྲོ་འགྲུལ་འབད་ཚུགས་དོ་ཡོདཔ་ལས་ གནམ་བྱཱར་གྱི་སྐབས་ ཆུ་བྲེས་པའི་བསྒང་ལས་ ཆུ་བརྒལ་མི་ཚུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment