གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་ ལཱ་གཡོག་གི་ གོ་སྐབས་བཟུམ་མའི་བརྩི་མཐོང་?

རྒྱལ་ཡོངས་ཚོགས་སྡེ་ ལཱ་གཡོག་གི་ གོ་སྐབས་བཟུམ་མའི་བརྩི་མཐོང་?
༢༡/༣/༢༠༡༣    ༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པ་རན་མི་དང་བསྟུན་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་བསྐྱེད་མི་ འདེམས་ངོ་ཚུ་གི་གྲས་ལས་ མང་ཤོས་ར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གསརཔ་ཚུ་ཨིན་མས།


དེ་སྦེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་གི་དོན་ལུ་ དོ་འགྲན་འབད་ནི་གི་ སྤྲོ་བ་བསྐྱེད་མི་ལུ་ ཧ་ལས་དགོཔ་ཅིག་མེད་མི་དེ་ཡང་ འབྲུག་གི་སྤྱི་ཚོགས་དང་འབྲེལ་བའི་ དམངས་གཙོའི་རིང་ལུགས་འགོ་བཙུགསཔ་དང་འབྲེལ་ དང་པ་ར་ སྤྱི་ལོ་༢༠༠༧ ཟླཝ་༡༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་པ་དེ་ནང་ཡང་ མཐོ་རིམ་ཤེས་ཚད་མཐར་འཁྱོལཝ་ཅིག་ཨིན་མི་ ན་གཞོན་ལེ་ཤ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན།
མ་གཞི་ རྒྱལ་ཡོངས་ཚོགས་སྡེ་འདི་ རྒྱལ་ཁབ་ཀྱི་ རང་བཙན་དང་ བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོད་པའི་ གནད་དོན་ཚུ་གུ་ བསྐྱར་ཞིབ་འབད་མི་ ཚོགས་ཁང་ཅིག་ཨིནམ་ལས་ དེ་ནང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ལས་ལྷག་པའི་ ཤེས་ཡོན་ཅན་དང་ ཉམས་མྱོང་ ཁྱད་རིག་ཅན་དང་ མི་ཁུག་ཁུགཔ་ཚུ་ དགོཔ་ཨིན་རུང་ ད་རེས་ནངས་པའི་ གྲོས་སྟངས་དང་འཁྲིལཝ་ད་ བསྐྱར་ཞིབ་ཚོགས་ཁང་དེ་ མཐོ་རིམ་ཤེས་ཚད་ལྡན་མི་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་དང་པ་བཟུམ་ཅིག་ཨིན་པའི་ བརྩི་མཐོང་བསྐྱེདཔ་ཨིན་མས།
དེ་སྦེ་ཨིན་པ་ཅིན་ བསྐྱར་ཞིབ་ཚོགས་ཁང་ཟེར་ སླབ་དགོ་མི་ ག་ཅི་ཨིན་ན་ཟེར་ ལྟ་རྟོག་པ་ལུ་གིས་ དྲི་བཀོད་ཡང་འབདཝ་མས།
འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༡༩༨༠ གྱ་གྲངས་དང་༡༩༩༠ གོ་གྲངས་ཚུ་ནང་འབད་བ་ཅིན་ མཐོ་རིམ་ཤེས་ཚད་དང་ ཉམས་མྱོང་ཡོད་མི་ ཚད་ལྡན་ཅིག་མ་གཏོགས་མེད་རུང་ ད་རེས་ནངས་པ་ ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ཤེས་ཡོན་ཅན་དང་ ཉམས་མྱོང་ཅན་གྱི་ ཞི་གཡོགཔ་མང་རབས་ཅིག་ཡོདཔ་ཨིན།
འདི་འབདཝ་ད་ ཞི་གཡོགཔ་དག་པ་ཅིག་གིས་མ་གཏོགས་ ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ སྤྲོ་བ་བསྐྱེད་མི་ མ་ཐོན་མི་ལུ་ལྟཝ་ད་ བསྐྱར་ཞིབ་ཚོགས་ཁང་དེ་ གལ་གནད་ཅན་ཅིག་ཨིནམ་ བརྩི་མཐོང་མ་བསྐྱེདཔ་བཟུམ་ཅིག་ཨིན་མས།
རྒྱལ་ཁབ་ནང་ ཁྲིམས་ཀྱི་ཐད་ལས་འབད་རུང་ ཉམས་མྱོང་ཡོད་མི་ མང་རབས་ཅིག་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་ནང་ འཛུལ་ཞུགས་དང་ དོ་འགྲན་འབད་ནི་གི་ འོས་འབབ་མེད་མི་དེ་ཡང་ སྲིད་དང་འབྲེལ་བ་མེད་མི་ རྒྱལ་ཡོངས་ཚོགས་སྡེ་དང་ ཡང་ཅིན་ སྲིད་དོན་ཚོགས་པ་གཉིས་ལས་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་དགོ་པ་ཅིན་ ཤེས་ཚད་དམའ་ཤོས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་དགོ་ནི་དེ་གིས་ཨིན་མས།
གནད་དོན་དེ་ཚུ་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་གི་དོན་ལུ་ གདོང་ཁར་མ་ཐོན་པར་ བྱ་ཐབས་མེདཔ་ཨིན་མས།
འདི་འབདཝ་ད་ སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ ཞི་གཡོགཔ་ཤེས་ཡོན་ཅན་དང་ ཉམས་མྱོང་ཅན་ཚུ་གིས་མ་ཚད་པར་ ད་རེས་ནངས་པ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ན་གཞོན་ཚུ་ཡང་ཐོབ་པར་ ལཱ་ཁག་བཏང་དོ་ཡོད་པའི་ ལོ་རྒྱུས་གོ་མི་དེ་ཡང་ ཞི་གཡོག་ནང་ཡོད་མི་ཚུ་ དགོངསམ་ཞུ་སྟེ་ སྲིད་ཚོགས་ནང་འཛུལ་རུང་ གལ་སྲིད་ བཙག་འཐུ་མ་གྲུབ་པ་ཅིན་ ཉེན་སྲུང་ཅན་གྱི་ ལཱ་གཡོག་དེ་ བྱང་ནི་གི་ ཚ་གྱང་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུ་ཡང་ སྲིད་དོན་ནང་ བཅའ་མར་གཏོགས་ཚར་ཚར་ཞིནམ་ལས་ བཙག་འཐུ་ནང་ མཐར་འཁྱོལ་འབྱུང་མ་ཚུགས་པ་ཅིན་ ཞི་གཡོག་ནང་ འཛུལ་འདོད་ཡོད་རུང་ ཞི་གཡོག་གི་ བཅའ་ཁྲིམས་དང་འཁྲིལ་ ལོ་ངོ་༣ བསྒུག་དགོཔ་ཨིན་མས།
གནད་དོན་དེ་ཚུ་གིས་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་ལུ་ སྤྲོ་བ་ཞན་བཅུག་དོ་ཡོདཔ་ད་ ཤེས་ཡོན་དང་ ཉམས་མྱོང་ཡོད་མི་ཚུ་ དགོ་པ་ཅིན་ རྒྱལ་ཡོངས་ཚོགས་སྡེ་ནང་ བསྐྱར་ཞིབ་འབད་མི་ འཐུས་མི་ཚུ་གི་ ལོ་ཚད་དང་ ཉམས་མྱོང་གི་ ཁྱད་ཚད་བཟོ་བ་ཅིན་རྐྱངམ་གཅིག་ མི་སྒྲིང་སྒྲིང་འཐོབ་ཚུགས།
ཨིན་རུང་ གནད་དོན་དེ་ཚུ་གི་སྐོར་ལས་ མི་མང་གིས་ གྲོས་བསྡུར་འབད་ནི་འདི་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment