གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༢ པ་ཐོན་ཡོདཔ།

༡༣/༣/༢༠༡༣  ༉ ཧཱ་ལས་ ལྟ་བཤལ་ལམ་སྟོན་པ་དང་ ཚོང་ལཱ་འབད་སྡོད་མི་ སྐྱེས་ལོ་༢༨ ལང་མི་ བསྟན་འཛིན་ནོར་བུ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
བསྟན་འཛིན་ནོར་བུ།


དེ་ཡང་ དཀར་འཚོ་རྒེད་འོག་ལས་ཨིན་མི་ བསྟན་འཛིན་ནོར་བུ་གིས་ རྒྱ་གར་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ནང་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
བསྟན་འཛིན་ནོར་བུ་དེ་ ཧཱ་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ བཅའ་མར་གཏོགས་མི་ འདེམས་ངོ་༢ པ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ ཁོ་ར་ སྤྲོ་བ་ཡོད་པའི་ཁར་ ཕམ་སྤུན་ཆ་  དང་ཆ་རོགས་ དེ་ལས་ འདེམས་ཁོངས་ནང་གི་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ ལྟ་བཤལ་ལམ་སྟོན་པ་དང་ ཚོང་ལཱ་འབད་སྡོད་མི་ཅིག་འབད་ནི་དེ་གིས་ མི་སེར་དང་ འབྲེལ་བ་འཐབ་ནིའི་ནང་ ཉམས་མྱོང་ལེགས་ཤོམ་ཐོབ་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་མི་ཚུགས་དེ་ མི་སེར་ཚུ་གི་ ལག་པར་ཨིན་རུང་ ག་དེམ་ཅིག་སྦེ་ ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་དེ་ ཁྲིམས་བསྐྱར་ཞིབ་འབད་ནི་ཨིནམ་ལས་ ཕན་གནད་ཅན་གྱི་ཁྲིམས་ བསྐྱར་ཞིབ་འབད་ནིའི་ནང་ ག་དེ་དྲག་དྲག་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
མ་གཞི་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་ བློ་འདོད་དེ་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ བཙག་འཐུ་འགོ་དང་པ་ འབད་བའི་བསྒང་ལས་ ཡོད་དེ་འབད་རུང་ དེ་བསྒང་ ཁོ་ར་ དཔེ་ཆ་ལྷབ་པའི་བསྒང་འབད་ནི་དེ་གིས་ འབད་ཐབས་ག་ཅི་ཡང་ མ་བྱུང་ཟེར་ཨིན་པས།
བསྟན་འཛིན་ནོར་བུ་གིས་འབད་བ་ཅིན་ རྫོང་ཁག་ཅིག་ནང་ལས་ དོ་འགྲན་འབད་མི་ ལེ་ཤ་འཐོན་པ་ཅིན་ དེ་གིས་ མི་སེར་ཚུ་གི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ མི་ངོམ་གདམ་ཁ་རྐྱབ་ནིའི་ གོ་སྐབས་བྱིན་དོ་བཟུམ་ཅིག་ཨིནམ་ལས་ མི་ངོམ་ལེ་ཤ་ཐོན་མི་དེ་ར་ དྲག་པས་ཟེར་ཨིན་པས།
བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment