གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༣/༣/༢༠༡༣    འཐུས་ཤོར་བྱུང་དགོ་པའི་ རྒྱབ་ཁུངས་ལུ་བསམ་ཞིབ།

༉ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་ཁྲིམས་ཕོག་མི་ བློན་པོའི་གོ་གནས་འཆང་མི་༢ ཀྱིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པའི་ མཐོ་གཏུགས་འབད་ནི་གི་ ཐག་བཅད་བཅདཔ་མེད་རུང་ ཚོགས་ཆུང་གི་ ཁྲི་འཛིན་གཉིས་ལུ་བརྟེན་ འགན་འཁྲི་ཕོག་མི་ འཐུས་མི་གཞན་ཚུ་ལུ་ སེམས་དཔའ་ཞུམ་སྟེ་ རེ་ཐག་ཆད་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་ཨིན་མས།


དེ་ཡང་ རང་སོའི་འགན་ཁུར་ཚུ་ རྒྱབ་སྐྱུར་ཐོག་ ཚུལ་མཐུན་མ་འབག་པའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ངོ་རེ་ཕོག་མི་ འཐུས་མི་མང་ཤོས་ར་ ལོ་ངོ་བཅུ་ཕྲག་༢ ལས་ལྷག་སྟེ་ ཕྱག་ཞུ་ཡོད་མི་ ཞི་གཡོགཔ་ཚུ་ དགོངས་ཞུའི་ཐོབ་ལམ་ཚུ་མེདཔ་སྦེ་ གཡོག་ནང་ལས་ བཏོན་གཏང་ནི་གི་ ཚ་གྱང་ལངམ་རྐྱངམ་གཅིག་མིན་པར་ ཁོང་ཆ་ཁྱབ་ ན་འཐན་དགོངསམ་ཞུ་རནམ་ད་ མི་དཀར་ལུ་ ཞྭ་ནག་སྤུབས་ཏེ་ ཁོང་རའི་ཚེ་གཡོག་ མེདཔ་གཏང་ནི་མས་ཟེར་ བུང་འགམ་ནུག།
ད་རེས་ནངས་པ་ བསྟར་སྤྱོད་འབད་བཞིན་དུ་ཡོད་མི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་དང་འཁྲིལཝ་ད་ མཐོ་གཏུགས་ཁྲིམས་ཀྱི་འདུན་སར་ གྲོས་ཆོད་བསྒྱུར་བཅོས་འགྱོ་བ་ཅིན་མ་གཏོགས་ འཐུས་མི་མང་ཤོས་ར་ དགོངས་ཞུའི་ཐོབ་ལམ་མེད་པར་ དགོངས་ཞུ་འབད་དགོཔ་ འཐོན་ནི་མས།
ཨིན་རུང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཅིག་གིས་ ཁོང་ལུ་ འགན་འཁྲི་ཚུལ་མཐུན་མ་འབག་པའི་ བཙོན་ཁྲིམས་ལོ་༡ བཀལ་མི་ལུ་ ཁྲིམས་འཐུས་དངུལ་ཀྲམ་༣༦,༠༠༠ བཏབ་མི་དེ་གིས་ སྤྱིར་བཏང་གི་ སྣང་བ་ལུ་ རང་གི་འགན་འཁྲི་འཐུས་ཤོར་ལུ་ ངོས་ལེན་འབད་དོ་བཟུམ་ཅིག་ མཐོང་དོ་ཡོདཔ་མས།
འཐུས་མི་དག་པ་ཅིག་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ནི་གི་ སེམས་ཐག་ཆོད་མི་དེ་ཡང་ ཁོང་གི་འགོ་ཁྲིདཔ་ཚུ་གིས་ མཐོ་གཏུགས་འབད་བ་ཅིན་ ཁོང་ལུ་ དྲང་ཁྲིམས་འཐོབ་འོང་ཟེར་ རེ་བ་བསྐྱེདཔ་ཨིན་མས།
འཐུས་མི་ཚུ་ལུ་ ཁེ་རྒུད་མ་བཏུབ་མིའི་ གནད་དོན་གཙོ་བོ་ར་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་དེ་ རྫོང་བདག་ཨིན་པའི་ཁར་ ཁོང་གི་ འགོ་འཛིན་ཡང་ཨིནམ་ལས་ ཁྲི་འཛིན་གྱིས་ ག་སླབ་མི་དང་འཁྲིལ་ འོགམ་ཚུ་གིས་ རྒྱབ་སྣོན་འབདཝ་མ་གཏོགས་ རང་ཐག་བཅད་ཀྱི་སྒོ་ལས་ ས་ཆ་བགོ་བཀྲམ་འབད་འབདཝ་མེད་རུང་ ཉེས་ཁྲིམས་ཀྱི་ཐད་ལུ་ལྷོདཔ་ད་ གོངམ་དང་འོགམ་གཉིས་ཆ་ར་ལུ་ བཙོན་ཁྲིམས་འདྲན་འདྲ་བཀལ་མི་དེ་ རྣམ་དག་དང་ དྲང་སྙོམས་མ་འགྱོ་ནི་དེ་གི་ཨིན་མས།
གནད་དོན་གཞན་དེ་ ཁོང་ཆ་ཁྱབ་ལུ་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཕན་ཁྱད་ག་ནི་ཡང་ མ་བྱུང་པའི་ཁར་ ལ་ལུ་ཅིག་གིས་ འོས་འབབ་དང་ ཐོབ་ལམ་མེད་མི་ཚུ་ལུ་ ས་ཆ་བྱིནམ་ད་ མ་བཏུབ་སྦེ་ ཉོགས་བཤད་བཀོད་རུང་ དེ་བསྒང་ ཁྲི་འཛིན་ལུ་ གྲོས་ཐག་བཅད་ནི་གི་ དབང་ཚད་ཧྲིལ་བུམ་ཡོད་མི་ལུ་བརྟེན་ འབད་ཐབས་ག་ནི་ཡང་ མ་བྱུང་ཟེར་ཨིན་མས།
སྤྱིར་བཏང་གིས་ འཐུས་ཤོར་བྱུང་མི་ཚུ་ རང་སོའི་འགན་འཁྲི་སྣང་མེད་ཐོག་ ཚུལ་ལྡན་མ་འབག་མི་ལུ་བརྟེན་ཨིནམ་ལས་ རང་གིས་ཉོ་བའི་སྨྱོ་ཆང་འདི་ མངར་རུང་སྐྱུ་རུང་ འཐུང་དགོ་ཟེར་ སླབ་མི་ཡང་ ཐོནམ་ཨིན་རུང་ ས་ཆ་ཐོབ་ལམ་མེད་མི་ཚུ་ལུ་ ག་དེ་སྦེ་ བྱིན་ནི་གི་ གྲོས་ཐག་བཅད་ཡོདཔ་ཨིན་ན་དང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་གཉིས་ཀྱིས་ དང་པ་ར་ ཆེ་རིམ་ཅན་ཚུ་ལུ་ ཕུལ་བའི་ཤུལ་ལས་ མི་ངོ་གཞན་ཚུ་ལུ་ བྱིན་ནི་གི་ གོ་སྐབས་ལེན་མི་ཚུ་ཡང་ ང་བཅས་ཀྱིས་ བསམ་ཞིབ་འབད་དགོཔ་གལ་ཆེ།
དེ་གི་ནང་དོན་ཉིད་ལས་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ རང་སོའི་འགན་འཁྲི་ཚུ་ ག་ལས་བརྟེན་ འཐུས་ཤོར་བྱུང་ཡོདཔ་ཨིན་ན་ བསམ་ཞིབ་ཐོག་ ཤེས་རྟོགས་བྱུང་དགོཔ་དེ་ཡང་ ཁག་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment