གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་བཟོའི་སྐབས་ མི་སེར་གྱི་བསམ་འཆར་ལེན་ནི་ལུ་ གཙོ་བོར་བཏོན་ནི།

༡༤/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེ་གི་ ཕྱག་ལཱ་གཙོ་བོ་ར་ རྒྱལ་ཁབ་ཀྱི་ ཁྲིམས་བཟོ་ནི་ཨིན་མི་དང་འཁྲིལ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ཡང་ དེ་བསྟུན་གྱི་ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་ར་ མཛད་ཡོདཔ་ལས་ ལེགས་བཅོས་འབད་དགོ་པའི་བསམ་འཆར་ ཞུ་དགོཔ་མ་མཐོང་ཟེར་ གཞལམ་སྒང་རྫོང་ཁག་ལས་ སྐྱེས་ལོ་༤༡ འབད་མི་ རྡོ་རྗེ་བཀའ་དྲིན་གྱིས་ སླབ་ཨིན་པས།
རྡོ་རྗེ་བཀའ་དྲིན།


ཨིན་རུང་ ཁྲིམས་ལུགས་ག་ཅི་བཟུམ་ཅིག་འབད་རུང་ མཐའན་མཇུག་ལུ་ ལག་ལེན་འཐབ་མི་དེ་ མི་སེར་ཚུ་ཨིནམ་ལས་ ཁྲིམས་ཚུ་བཟོ་བའི་སྐབས་ མི་སེར་ཚུ་གི་ བསམ་འཆར་བཀོད་ནིའི་ གོ་སྐབས་སྤྲོད་དགོཔ་དེ་ གལ་ཆེ་དྲགས་ཅིག་སྦེ་ མཐོངམ་མས་ཟེར་ དུས་ཅིའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་ སྒོ་ཤིང་རྒེད་འོག་ བསམ་ཆོས་གླིང་ལས་ རྡོ་རྗེ་བཀའ་དྲིན་གྱིས་ སླབ་ཨིན་པས།
དེ་འབད་ནི་དེ་གིས་ གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ རྫོང་ཁག་གི་མི་སེར་ག་ར་དང་ འབྲེལ་བ་འཐབ་མ་ཚུགས་རུང་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་དང་ ངེས་པར་དུ་ གྲོས་བསྟུན་འབད་དེ་ བསམ་འཆར་ཚུ་ བཀོད་ནིའི་གོ་སྐབས་སྤྲོད་ནི་ལུ་ གཙོ་རིམ་བྱིན་ནི་ཟེར་ཨིན་པས།
གཞལམ་སྒང་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོ་༣ པ་ཨིན་མི་ རྡོ་རྗེ་བཀའ་དྲིན་གྱིས་ སླབ་མིའི་ནང་ ཧེ་མ་ ཁོ་གིས་ འབྲུག་བརྒྱུད་འཕྲིན་ལས་འཛིན་ནང་ ལཱ་འབད་ཡོདཔ་ད་ ལས་འཛིན་གྱི་དོན་ལུ་ བཅའ་ཁྲིམས་དང་ ཁྲིམས་ལུགས་ག་ཅི་ར་བཟོ་རུང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་དང་ གྲོས་བསྟུན་འབད་ནི་ ཡོད་ཟེར་ཨིན་པས།
རྡོ་རྗེ་བཀའ་དྲིན་གྱིས་ སྤྱི་ལོ་༡༩༩༥ ལུ་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཁར་ ལྷོ་ཨཱསི་ཊེ་ལི་ཡ་ལས་ མཐོ་རིམ་གོང་མའི་ཤེས་ཚད་ དེ་ལས་ ཕི་ལི་པིནསི་གི་རྒྱལ་ས་ མ་ནི་ལ་ལུ་ཡོད་པའི་ ཨེ་ཤི་ཡཱན་འཛིན་སྐྱོང་སྤེལ་ཁང་ལས་ ཚོང་འབྲེལ་གཙུག་ལག་ཤེས་ཡོན་ མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ འབྲུག་བརྒྱུད་འཕྲིན་ལས་འཛིན་ནང་ ལཱ་འབད་བའི་སྐབས་ རྒྱལ་སྤྱིའི་ཚོང་འབྲེལ་ལས་འགོ་བཙུགས་ ལས་འཛིན་གྱི་ འཆར་གཞི་སྡེ་ཚན་དང་ ལུང་ཕྱོགས་འཛིན་སྐྱོང་པའི་འགན་ཁུར་ཚུ་ འབག་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ ལས་འཛིན་ནང་ལས་ དགོངས་ཞུ་འབད་དེ་ ཁག་འབག་ཐོག་ལུ་ བདག་སྐྱོང་གི་ ཡོངས་ཁྱབ་འཛིན་སྐྱོང་པའི་ འགན་ཁུར་ཚུ་འབག་སྟེ་ ལོ་༢ ཀྱི་རིང་ ཕྱག་ཞུ་སྟེ་ སྤྱི་ལོ་༢༠༡༢ ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་དེ་ གཙོ་བོ་ར་ ཁོ་རའི་ དང་འདོད་དང་འཁྲིལ་ཏེ་ཨིན་རུང་ འགྲོས་ཀྱིས་སྦེ་ ཁོ་རའི་གཡུས་ཁའི་མི་དང་ ངོ་ཤེསཔ་ཚུ་ལས་ རྒྱབ་སྐྱོར་ཐོབ་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ ཁོ་རའི་རྒེད་འོག་ནང་ལས་ མི་སེར་ག་ར་གིས་ ཁོ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོདཔ་ཨིན་རུང་ གཞན་མི་རྒེད་འོག་ཚུ་ནང་ འགྱོ་དགོཔ་ཡོད་ཟེར་ཨིན་པས།
མ་གཞི་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིནམ་སྦེ་ ཧེ་མ་ལས་ གྲོས་ཐག་བཅད་དེ་ མི་སེར་ཚུ་ལུ་ཡང་ སླབ་ཚར་ཡོདཔ་ཨིན་རུང་ བརྡ་བརྒྱུད་ཐོག་ལས་ གསལ་སྟོན་འབད་ནི་དེ་ མཇུག་བསྡུ་ཁམས་ཅིག་ལུ་ བཞག་ཡི་ཟེར་ཨིན་པས།
རྡོ་རྗེ་བཀའ་དྲིན་གྱིས་འབད་བ་ཅིན་ ཁོ་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་སྦེ་ བཅའ་མར་གཏོགས་དགོ་པའི་ ཡི་གུ་དང་ མཁོ་འདོད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་ཡོདཔ་ཨིན་རུང་ ཁོ་ར་གིས་ ཧེ་མ་ལས་ར་ ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་གི་ སེམས་ཐག་བཅད་ཚར་ནི་དེ་གིས་ བསྒྱུར་བཅོས་མ་འབད་བར་ བཞག་ཡི་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ ཐོན་མི་ མི་ངོ་ཚུ་ག་ར་ གྲོང་གསེབ་གཡུས་ཚན་གྱི་ གནས་སྟངས་ཅོག་འཐདཔ་ཚུ་ལས་བཙར་ཏེ་ འོང་འོངམ་ཙང་ཙ་ འབད་ནི་དེ་གིས་ གྲོང་གསེབ་ཀྱི་སྐོར་ལས་ ང་གིས་ཤེས་ ཁོ་གིས་མི་ཤེས་ཟེར་ སླབ་དགོཔ་མེད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment