གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༨/༣/༢༠༡༣   རྩ་བ་ལས་ བཀག་དམ་འབད་མ་ཚུགས་རུང་ ཚད་འཛིན་འབད་གནང་དགོཔ།
༉ འབྲུག་ཆོས་ལྡན་གྱི་རྒྱབ་ཁབ་འདི་ནང་ མཐའ་ཟུར་གཡུས་ཚན་ཚུ་ལས་ འགོ་བཟུང་སྟེ་ ཁྲོམ་སྡེ་ཚུ་ནང་ ག་ཏེ་འགྱོ་ལྟ་རུང་ ཉེས་པ་གསུམ་གྱི་རྩ་བ་ སྨྱོ་ཆང་ལོངས་སྤྱོད་མི་དེ་ ལོ་གཅིག་ལས་ལོ་གཅིག་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་བའི་ མཐོང་གསལ་བྱུངམ་མས་ཟེར་ཞུ་ནི།


མ་གཞི་ དཔལ་ལྡན་འབྲུག་པའི་ལམ་སྲོལ་ནང་ ཐ་ན་ རྟེན་འབྲེལ་ཆུང་ཀུ་ཅིག་ལས་ མ་བརྩི་རུང་ མར་ཆང་བཀང་དགོཔ་མ་ཚད་ རང་སོའི་ བྱ་བ་ལམ་འགྲོས་བཟང་ནི་དང་ བསམ་དོན་འགྲུབ་ནིའི་དོན་ལུ་ གསེར་སྐྱེམས་ཅིག་ལས་མ་ཕུལ་རུང་ ཨིན་ཅི་མིན་ཅི་ར་ ཆང་དགོཔ་ལས་བརྟེན་ རྒྱལ་ཁབ་ནང་ ཆང་དེ་ རྩ་བ་ལས་ར་ བཀག་དམ་འབད་མི་ཚུགས་ནི་མས་ཟེར་ཞུ་ནི།
དེ་འབདཝ་ད་ ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ནང་ ཆང་གི་ནད་ཟུན་ཏེ་ ཤི་རྐྱེན་བྱུང་མིའི་གྱངས་ཁ་དེ་ ལྷག་པར་དུ་ མཐོ་དྲགས་སྦེ་ར་ ཡར་སེང་སོང་མི་ལུ་ལྟཝ་ད་ ཆང་གིས་ མི་བསད་པའི་རྩིས་དཔྱད་དེ་ འཛམ་གླིང་རྒྱབ་ཁབ་གཞན་ཚུ་དང་ཕྱདཔ་ད་ འབྲུག་འདི་ མཐོ་ཤོས་ཀྱི་གྲངས་སུ་ཚུད་པའི་ ལོ་རྒྱུས་ཚུ་གོཝ་ད་ རྣམ་རྟོག་ལང་པའི་ གཞི་གནད་ཅིག་ ཨིན་མས་ཟེར་ཞུ་ནི།
གསོ་བའི་ལྷན་ཁག་གིས་ སྙན་ཞུ་དང་འཁྲིལ་རུང་ ཆང་ལུ་བརྟེན་པའི་ནད་ཟུན་མི་ ནད་པའི་གྱངས་ཁ་དེ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་མི་ལུ་བརྟེན་ གསོ་བའི་ལས་སྡེ་ནང་ སྨན་བཅོས་ཀྱི་ཟད་འགྲོ་ མཐོ་ཤོས་ར་ ཆང་ནད་ཟུན་མི་ ནདཔ་ཚུ་གི་དོན་ལུ་ བཏང་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ གནསཔ་མས་ཟེར་ཞུ་ནི།
དེ་མ་ཚད་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་སྐབས་ལུ་ ཤི་རྐྱེན་བྱུང་མི་ ནདཔ་ཚུ་གི་གྲས་ལས་ བརྒྱ་ཆ་༩༠ དེ་ཅིག་ ཆང་ལུ་བརྟེན་ མཆིན་པའི་ནད་གཞི་ཐོབ་སྟེ་ བཅོ་ཐབས་འབད་མ་ཚུགས་མི་ཚུ་ ཨིན་མས་ཟེར་ཞུ་ནི།
ད་རེས་ནངས་པ་ རྒྱལ་ས་ལྟེ་བ་ལུ་ སེམས་ཁམས་ཏན་ཏན་མེད་པའི་ ནད་པའི་གྱངས་ཁ་ ཡར་སེང་འགྱོ་བའི་ཁར་ ཧེ་མ་དང་ཕྱདཔ་ད་ སྣུམ་འཁོར་གྱི་ཐུག་རྐྱེན་ མང་སུ་བྱུང་མི་ དེ་ལས་ ན་གཞོན་ཚུ་གི་བར་ན་ འཐབ་འཛིང་འབད་དེ་ གྱི་གསོབ་དང་ རྨ་བཏོན་ཁྲག་བཏོན་གྱི་གནད་དོན་ མང་རབས་ཅིག་བྱུང་མི་དེ་ཡང་ གཙོ་བོ་ར་ སྨྱོ་ཆང་ལུ་བརྟེན་ཏེ་ ཨིན་མས་ཟེར་ཞུ་ནི།
གཅིག་ལས་ལྟཝ་ད་ གཞུང་གིས་ ཆང་བཀག་ཐབས་འབད་ནིའི་དོན་ལུ་ ཆང་གི་ཆོག་ཐམ་གྱི་ འཐུས་ཁྲལ་ཚུ་ ཧེ་མ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཡར་སེང་རྐྱབ་པའི་ཁར་ ཆང་གི་གོང་ཚད་ཀྱི་ཐད་ལས་འབད་རུང་ ཡར་སེང་རྐྱབ་སྟེ་ དམ་འཛིན་གྱི་ ཐབས་ཤེས་ཚུ་ བཏོན་གནང་མི་དེ་ལུ་ ངལ་རངས་བསྐྱེད་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
ཨིན་རུང་ གནད་དོན་གཞན་ཅིག་ལས་ལྟ་བ་ཅིན་ རྒྱལ་ཁབ་ནང་ དགེ་ལེགས་ཕུག་ལུ་ ཆང་གི་བཟོ་སྐྲུན་ལུ་ ཚད་འཛིན་མེད་པར་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་མ་ཚད་ ལྷག་པར་དུ་ རྒྱལ་ཁབ་ཕྱི་ཁ་ལས་ ཆང་གི་རིགས་མ་འདྲཝ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ ནང་འདྲེན་འབད་དེ་ བཙོང་དོ་ཡོདཔ་ལས་ གཞུང་གི་དམིགས་གཏད་ཡང་ ཧ་གོ་མི་ཚུགས་པས་ཟེར་ཞུ་ནི།
གནད་དོན་འདི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གོང་གི་གནད་དོན་ཚུ་ ཐུགས་ཁར་བསྣམས་ཏེ་ འབྲུག་མི་ཚུ་གི་ ཚེ་བསྲུང་ནི་དང་ ཆང་ནད་ཟུན་མི་ཚུ་གི་ སྨན་བཅོས་དོན་ལས་ གཞུང་ལུ་ སྐུ་གྱོང་སྦོམ་ཕོག་མི་བཅུག་ནིའི་ ཐབས་ཤེས་ལེགས་ལྡན་བཏོན་དགོཔ་ འདུག་ཟེར་ཞུ་ནི་ཨིན།
 
ཚེ་རིང་རྡོ་རྗེ། ཐིམ་ཕུ་ རྟ་རྦབ།

No comments:

Post a Comment