གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ཚ་ཆུའི་ ཉམས་བཅོས་ལཱ་འབད་ཚར་ཡོདཔ།

༨/༣/༢༠༡༣   ༉ རང་ཟླ་དང་པ་དང་༢ པ་དེ་ ཚ་ཆུ་དང་ སྨན་ཆུ་སྦང་ནིའི་ དུས་ཚོད་ཨིནམ་ལས་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་མགར་ས་ཚ་ཆུ་ལུ་ ཉིན་བསྟར་བཞིན་དུ་ ཚ་ཆུ་སྦང་མི་ རྒན་རྒས་དང་ ན་གཞོན་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཨིན་པས། 
ཉམས་བཅོས་འབད་ཚར་མི་ མགར་ས་ཚ་ཆུའི་ས་ཁོངས།
ས་གནས་ཁག་ལས་འོང་མི་ཚུ་ ཚ་ཆུ་སྦང་བའི་བསྒང་།


མགར་ས་ཚ་ཆུ་དེ་ སྤྱི་ལོ་༢༠༠༩ གི་ཟླཝ་༥ པའི་ནང་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ལས་ ལོག་མི་མང་ལུ་ ཞབས་ཏོག་བྱིན་ནི་ འགོ་བཙུགསཔ་ལས་ཚུར་ ད་རེས་ནངས་པ་ ཚ་ཆུ་སྦང་མི་ ཉུང་ཤོས་མི་གྲངས་༢༠༠ དེ་ཅིག་ འོངམ་མས་ཟེར་ ཚ་ཆུའི་མཐའ་འཁོར་གནས་སྟངས་ ཉམས་སྲུང་འབད་མི་ མགར་ས་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཁའི་ ནགས་ཚལ་ལས་བྱེདཔ་གིས་ སླབ་ཨིན་པས།
མ་གཞི་ ཚ་ཆུ་སྦང་མི་ མང་ཤོས་ར་ རྒན་རྒས་ཚུ་ འོང་དོ་ཡོདཔ་ཨིན་རུང་ མགར་ས་ཚ་ཆུ་ལུ་ གཞོནམ་ཚུ་ཡང་ འོང་དོ་ཡོདཔ་ད་ དེའི་གྲས་ལས་ སྐྱེས་ལོ་༣༠ ལང་མི་ སྐལ་བཟང་ཕུན་ཚོགས་ཀྱིས་ བདུན་ཕྲག་༡ ལྷགཔ་ཅིག་ ཚ་ཆུ་སྦང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཆ་ཚུ་སྦང་མི་དེ་ ཕོཝ་གི་ནད་གཞི་ ཨཱལ་སར་ཐོབ་མི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་བསྐྱེད་དེ་ ཨིན་ཟེར་ཨིན་པས།
ཁོ་གི་ཕོཝ་ནང་ རྨ་ཐོན་ཡོད་པའི་ ངོས་འཛིན་བྱུང་བའི་ཤུལ་ལས་ སྨན་ཁང་བསྟེན་ཏེ་ ལོ་༡ དེ་ཅིག་ལང་རུང་ དྲག་མ་ཚུགསཔ་ལས་ མགར་ས་ཚ་ཆུ་གིས་ ཕན་པའི་སྐོར་ལས་ ལོ་རྒྱུས་གོ་སྟེ་ ད་རེས་ ཚ་ཆུ་སྦང་བར་འོང་ཡི་ཟེར་ཨིནམ་ད་ ད་ལྟོ་ དེ་འཕྲོ་ལས་ ཚ་ཆུ་གིས་ཕན་ཐོགས་ཨིནམ་ ཧ་གོ་མ་ཚུགས་རུང་ འགྲོས་ཀྱིས་སྦེ་ ཤེས་ཚུགས་ཟེར་ཨིན་པས།
རྒན་རྒས་ཚུ་གིས་ ཚ་ཆུ་སྦང་མི་དེ་ གཙོ་བོ་ར་ རྐང་ཚིགས་ལག་ཚིགས་ན་མི་དང་ གྲང་བ་གྲང་གཞི་དང་འབྲེལ་བའི་ ནད་རིགས་ཐོབ་མི་ དེ་ལས་ ཕོཝ་ན་མི་ཚུ་ཨིནམ་ད་ དེ་བཟུམ་གྱི་ གནད་དོན་ཐོག་ལུ་ ཚ་ཆུ་སྦང་མི་ རྫོང་ཁག་༢༠ ལས་ འོངམ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པ་ལས་ ཚ་ཆུ་སྒོ་ཕྱེ་བའི་སྐབས་ མི་གྲངས་༨༠༠ དང་༩༠༠ གི་བར་ན་ འོང་ཡོདཔ་ཨིན་རུང་ སྤྱི་ཟླ་༢ པ་ལས་ སློབ་ཕྲུག་ཨ་ལུ་ཚུ་ ལོག་སློབ་གྲྭ་ནང་འགྱོ་ནི་ འགོ་བཙུགས་པའི་ཤུལ་ལས་ ཚ་ཆུ་སྦང་མི་ མང་ཤོས་ཅིག་ སོང་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་༣ པ་ལས་ ཚ་ཆུ་སྦང་བར་ འོང་མིའི་གྱངས་ཁ་དེ་ ལོག་ཡར་སེང་སོང་དོ་ཟེར་ ནགས་ཚལ་ལས་བྱེདཔ་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་ཡོདཔ་ད་ ད་རེས་ནངས་པ་ ས་གནས་དེ་ཁར་ གནས་སྐབས་ཀྱི་གུར་༥༠ ལྷགཔ་ཅིག་སྤུབས་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ གི་ ཆུ་རུད་ཀྱིས་ སྤྱིར་བཏང་གི་ ཆུ་རྫིང་༥ དང་ སྐུ་འཁོར་གྱི་ཆུ་རྫིང་༡ གསོ་བའི་ཁང་མིག་ ངལ་འཚོ་སའི་གནས་ མི་མང་གི་གསང་སྤྱོད་ དེ་ལས་ ཚོང་ཁང་༡ འཕྱགས་བདའ་སྟེ་ ཚ་ཆུའི་གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་ཡོད་རུང་ སླར་ལོག་ ས་དོང་རྐོ་ཐོག་ལས་ རྫིང་བཟོ་ཡོད་ནི་དེ་གིས་ ཚ་ཆུ་སྦང་མི་ ཨ་རྟག་བཟུམ་སྦེ་ར་ ཐོན་ཡོདཔ་ཨིན་པས།
ཨིན་རུང་ ཆུ་རུད་ཐོན་ཏེ་ ལོ་༣ གྱི་ཤུལ་ལས་ གཞུང་གིས་ ཚ་ཆུའི་མཐའ་འཁོར་ནང་ཡོད་པའི་ གཞི་རྟེན་མཁོ་ཆས་ཚུ་ ཨ་རྟག་ག་ཨིནམ་སྦེ་ར་ བསྒྲུབས་ཏེ་ཡོདཔ་ད་ དེ་ཡང་ སྐུ་འཁོར་གྱི་དོན་ལུ་ རྫིང་༡ དང་ སྤྱིར་བཏང་སྦང་ནིའི་རྫིང་༥ མི་མང་གི་གསང་སྤྱོད་༨ བཟོ་སྐྲུན་འབད་ནུག།
དེ་མ་ཚད་ ཆུ་རུད་བཀག་ནིའི་ གྱང་རྩིག་ཚུ་ཡང་ རྐྱབ་ཚར་ཡི་ཟེར་ མགར་ས་རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་སླབ་ཡོདཔ་ད་ དེ་ཚུའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༥༠ ལྷགཔ་ཅིག་ ཟད་འགྲོ་བཏང་ནུག།
ལྷག་ལུས་མ་དངུལ་ཐོག་ལས་ འཐུང་ཆུ་བཏོན་ནི་དང་ གསོ་བའི་ཞབས་ཏོག་བྱིན་སའི་ ཁང་མིག་རྐྱབ་ནི་ དེ་ལས་ མཐའ་འཁོར་བསལ་ནི་ཨིནམ་ད་ དེ་ཡང་ འཕྲལ་མགྱོགས་ར་ བསྒྲུབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཆུ་རུད་ཀྱིས་ ཚ་ཆུ་མེདཔ་མ་བཏང་པའི་སྐབས་ ཆུ་རྫིང་༥ ལུ་ ཚ་ཆུའི་རྐ་ སོ་སོར་སྦེ་འཐེན་ཡོདཔ་ཨིན་རུང་ ད་རེས་ རྫིང་༥ པོ་ཆ་ར་ རྐ་གཅིག་ལས་ བཏང་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ དེ་ལུ་བརྟེན་ ཚ་ཆུའི་ཕན་ནུས་དེ་ ཉམས་ནུག་ཟེར་ཨིནམ་ད་ ཨིན་རུང་ ལོ་བསྟར་བཞིན་དུ་ ཚ་ཆུ་སྦང་བར་འོང་མི་ ཀུན་ལེགས་ཀྱིས་འབད་བ་ཅིན་ ཚ་ཆུའི་དྲོད་དེ་ ཨ་རྟག་ག་ཨིནམ་སྦེ་ཡོད་པའི་ཁར་ ཕན་ནུས་ཡང་ མ་ཉམས་པས་ཟེར་ཨིན་པས།
ཚ་ཆུ་ཉམས་བཅོས་ཀྱི་ ལཱ་གི་གྲུབ་འབྲས་དེ་ ད་ལྟོ་ ཁག་འབགཔ་གིས་ གཞུང་ལུ་ རྩིས་མ་སྤྲོད་རུང་ ད་ལྟོ་ལས་ར་ མི་མང་གི་གསང་སྤྱོད་ཚུ་བསུབས་ཏེ་ ལག་ལེན་འཐབ་མ་ཚུགས་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ ཚ་ཆུ་སྦང་བར་འོང་མི་ ཨམ་སྲུ་ཚུ་གིས་ ཟླ་ཁྲག་འོང་བའི་སྐབས་ ལག་ལེན་འཐབ་མི་ སྤུར་རས་པེཊ་ཚུ་ ཆབ་གསང་གི་དོང་ནང་ བཀོག་ནི་དེ་གིས་ བསུབས་ནུག་ཟེར་ ཆ་ཚུ་བདག་འཛིན་འཐབ་མི་ དར་རྒྱས་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གསང་སྤྱོད་༨ ལས་ ཨམ་སྲུའི་གསང་སྤྱོད་༤ པོ་དེ་ འཕྲལ་འཕྲལ་ར་ བསུབས་ཏེ་ བསལ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཨམ་སྲུ་ལ་ལུ་ཅིག་གིས་ ཟླ་ཁྲག་འོང་རུང་ ཚ་ཆུའི་རྫིང་ནང་ འཛུལ་ནི་འདུག་ཟེར་ཨིན་པས།
ད་རུང་ བྱ་སྟབས་མ་བདེཝ་ གཞན་མི་དེ་ཡང་ ཆུ་རྫིང་ནང་ མ་འཛུལ་བའི་ཧེ་མར་ གཟུགས་འཁྱུ་སའི་ རྫིང་ཅིག་ཡོད་མིའི་གུ་ མི་ཚུ་གིས་ གོ་ལ་བཞག་མི་དང་ ཚ་ཆུ་སྦང་བའི་ཤུལ་ལས་ གོ་ལ་སོར་བའི་སྐབས་ལུ་ཡང་ རློནམ་སྦང་མི་ གོ་ལ་ཚུ་ རྗིང་གི་ཐོག་ཁར་ བཀལ་ནི་དེ་གིས་ གོ་ལ་ཚུ་ལས་འཛགས་མི་ཆུ་ རྫིང་ནང་འཛུལཝ་མས་ཟེར་ཨིནམ་ད་ ཆུ་འཁྱུ་སའི་རྗིང་དེ་ མང་ཤོས་ཅིག་གིས་ འཐུང་ཆུ་སྦེ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
མགར་ས་ཚ་ཆུ་དེ་ མགར་ས་རྫོང་ལུ་འགྱོ་སའི་ སྣུམ་འཁོར་ལམ་ལས་ ཁ་མར་བལྟ་སྟེ་ རྐང་ཐང་སྦེ་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགྱོ་དགོ་པའི་ས་ཁར་ཨིནམ་ད་ ཚ་ཆུ་སྦང་མི་ཚུ་ སྤྱི་ཟླ་༡༢ པ་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༤ པ་དང་༥ པའི་བར་ན་ཚུན་ འོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment