གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛིན་བཟུང་འབད་མི་ ཉེས་འདོགས་ཅན་ ལོག་གཏང་དགོ་པའི་ ཞུ་བ་འབད་ནི།

༨/༣/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ བསམ་གླིང་དང་ ལྕང་རས་གཡུས་ཚན་གྱི་ མི་སེར་༡༡ དེ་ཅིག་གིས་ ལྷུན་རྩེ་ཁྲིམས་སྲུང་འགག་སྡེ་ལུ་ སྐྱེས་ལོ་ཉེར་གྲངས་ནང་འབད་མི་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལས་ ལོག་གཏང་དགོ་པའི་ཞུ་བ་ ཡིག་ཐོག་ལུ་ཕུལ་ནིའི་ འཆར་གཞི་ཡོདཔ་ཨིན་པས།


དེ་ཡང་ ཕོ་སྐྱེས་དེ་གིས་ ཁོ་ར་ ཆང་འགྲང་པའི་ཤུགས་ཀྱིས་ སེམས་དྲན་མེད་ཐོག་ལས་ མི་ཚུ་ལུ་ ལྷུན་རྩེ་རྫོང་ཁག་ བྱང་ཆུབ་ཆོས་གླིང་གྲྭ་ཚང་ནང་ལས་ གླངམོ་ཆེ་གི་མཆེཝ་ཆ་༡ ཨརཝ་བརྐུ་ཡི་ཟེར་བའི་ ལོ་རྒྱུས་ཐོན་མི་ལུ་བརྟེན་ ལྷུན་རྩེ་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡ པའི་ཚེས་༡༤ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ཡོདཔ་ཨིན་པས།
གཡུས་ཚན་༢ ཀྱི་མི་སེར་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ ཕུལ་ནི་སྦེ་ཡོད་པའི་ ངག་བརྗོད་དང་འཁྲིལ་བ་ཅིན་ བསམ་གླིང་ལས་ཨིན་མི་ ཕོ་སྐྱེས་དེ་གིས་ བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་ལས་ གླངམོ་ཆེ་གི་མཆེཝ་བྱང་སྟོར་ཤོར་མི་དེ་ ཁོ་གིས་ ཨརཝ་རྐུ་ཡི་ཟེར་ སླབ་མི་ལུ་བརྟེན་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ འཛིན་བཟུང་འབད་བཞག་ཡོད་རུང་ ཁོ་ར་ སྐྱེས་ས་ གཡུས་ཉིམ་གཞོང་ལས་ཨིནམ་ད་ གནས་ཚང་དེ་ བསམ་གླིང་ལས་འཚོལ་ཏེ་ ད་ལྟོ་ཚུན་ ལོ་ངོ་༡༢ དེ་ཅིག་སོང་རུང་ དེ་བཟུམ་གྱི་ བྱ་ངན་དང་ སྤྱོད་ངན་འབད་འབདཝ་མེད་ཟེར་ཨིན་པས།
ད་ལྟོ་ ཁོ་ར་ སེམས་དྲན་པ་བརྟན་པོ་མེད་པ་ འཆོལ་ལོང་བཟུམ་སྦེ་ཡོདཔ་ལས་ ཁོ་གིས་ཨརཝ་རྐུ་ཡི་ཟེར་བའི་ ལོ་རྒྱུས་ཐོན་ཡོདཔ་ད་ ཁོ་ར་ མི་སེར་ཉམ་ཆུང་ཅིག་ཨིནམ་ལས་ དེ་བཟུམ་གྱི་ལཱ་ངན་འབད་ནི་དང་ ཚོང་འབྲེལ་འཐབ་ནི་གི་ལྗོན་སྟབས་ མེདཔ་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལས་ ལོག་གཏང་ཐབས་ཀྱི་ཞུ་བ་ཕུལ་ནི་ཨིན་ཟེར་ཨིན་པས།
གླངམོ་ཆེ་གི་མཆེཝ་དེ་ཡང་ བྱང་ཆུབ་གླིང་ གྲྭ་ཚང་གི་ལྷ་ཁང་ནང་ལས་ ནམ་ཨརཝ་ཤོར་ཡི་ག་ སླབ་མི་ཚུགས་དོ་ཡོདཔ་ད་ དོགས་ཅན་ཕོ་སྐྱེས་དེ་གིས་ སྤྱི་ཟླ་༡ པའི་ཚེས་༡༢ ལུ་ ཟླཝ་དང་པའི་ལོ་གསར་ཨིནམ་ལས་ དེ་བསྒང་ ཆང་གིས་ར་གཟི་ནི་དེ་གིས་ གླངམོ་ཆེ་གི་མཆེཝ་དེ་ ཁོ་གིས་ ཨརཝ་རྐུ་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཅ་རྙིང་འཛིན་སྐྱོང་ལས་ཁུངས་ཀྱིས་ རྩིས་ཞིབ་འབད་བའི་སྐབས་ གླངམོ་ཆེ་གི་མཆེཝ་༢ བྱང་སྟོར་ཤོར་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ ཕོ་སྐྱེས་དེ་ བཟུང་ཡོདཔ་ཨིན་པས།
བྱང་ཆུབ་གླིང་གྲྭ་ཚང་གི་བླམ་ ཀརྨ་འཕྲིན་ལས་ཀྱིས་སླབ་མིའི་ནང་ གླངམོ་ཆེ་གི་མཆེཝ་དེ་ ཁོ་གི་དོགས་པ་ལས་འབད་བ་ཅིན་ གྲྭ་ཚང་དེ་ནང་ ཟླཝ་༨ པའི་ནང་ མི་མང་ལུ་ ཚེ་དབང་ཉིནམ་༡ དང་ ཟླཝ་༡༠ པའི་ནང་ ཚེས་བཅུ་ཉིན་གྲངས་༣ འགོ་འདྲེན་འཐབ་ནི་ཡོདཔ་ལས་ དེ་བསྒང་ བྱང་སྟོར་མ་ཤོར་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ སླབ་མིའི་ནང་ བྱང་ཆུབ་གླིང་གྲྭ་ཚང་གི་ ཅ་རྙིང་རྩིས་ཞིབ་དེ་ སྤྱི་ལོ་༢༠༠༩ ལུ་ འབད་ནུག་ཟེར་ཨིནམ་ལས་ གླངམོ་ཆེ་གི་མཆེཝ་དེ་ ནམ་བྱང་ཡི་ག་ ཁོང་གྲྭ་ཚང་ནང་སྡོད་མི་ཚུ་གིས་ མི་ཤེས་དོ་ཡོདཔ་ལས་ ད་ལྟོ་ དོ་དམ་འོག་ལུ་བཞག་མི་ཕོ་སྐྱེས་དེ་ སེམས་གནས་པ་མེད་ཟེར་སླབ་མ་གཏོགས་ དེ་ལུ་གསོ་བའི་སྒྲུབ་བྱེད་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ལྷུན་རྩེ་ བྱང་ཆུབ་གླིང་གྲྭ་ཚང་ནང་ ད་རེས་ནངས་པ་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་ཡོད་པའི་ཁར་ ལྷ་ཁང་གི་དོན་ལུ་ ཁྲིམས་སྲུང་གི་ སྲུང་རྒྱབ་༣ དེ་ཅིག་བཙུགས་ཡོདཔ་ད་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་ཚུ་གིས་ དེ་གི་སྐོར་ལས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment