གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེའི་ཞབས་ཏོག་ལྟེ་བ་སྤྱོད་མི་ གངམ་མི་ཐོན་དོ་ཡོདཔ།

༨/༣/༢༠༡༣   ༉ གཞུང་གིས་ ཞབས་ཏོག་ཚུ་ མི་སྡེའི་ས་ཁོངས་ནང་ཚུན་ མཁོ་སྤྲོད་འབད་ནིའི་དོན་ལུ་ ཐབས་ལམ་སྣ་ཚོགས་ བཏོན་དོ་ཡོདཔ་ཨིན་རུང་ ཞབས་ཏོག་སྤྱོད་མི་ ལེ་ཤ་མི་ཐོན་དོ་ཡོདཔ་ད་ དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་འབད་བ་ཅིན་ ཞབས་ཏོག་ལྟེ་བ་ཚུ་ ལག་ལེན་མེད་པར་ ལུས་ཏེ་ཡོདཔ་ཨིན་པས།
བསམ་ལྗོངས་རྫོང་ཁག་ནང་ ལག་ལེན་མེད་པར་ལུས་མི་ མི་སྡེའི་ཞབས་ཏོག་ལྟེ་བ།


རྫོང་ཁག་དེ་ནང་ མི་སྡེའི་ཞབས་ཏོག་ལྟེ་བ་༢ འགོ་བཙུགས་ཏེ་ ལོ་༡ ལང་ཡོདཔ་ཨིན་རུང་ ཞབས་ཏོག་སྤྱོད་མི་མེད་པར་ དེ་སྦེ་ར་ ལུས་ཏེ་ཡོདཔ་ད་ རྫོང་ཁག་དེ་ནང་ གློག་རིག་ཡོངས་འབྲེལ་གྱི་ མཐུན་རྐྱེན་ཡོད་མི་ ལྟེ་བ་༢ དང་ མཐུན་རྐྱེན་མེད་པའི་ ལྟེ་བ་༥ ཡོདཔ་ཨིན་པས།
བདེ་བ་ཐང་ལུ་ཡོད་མི་ ལྟེ་བ་དེ་ སྤྱི་ལོ་༢༠༡༢ ཀྱི་ ལོ་མཇུག་བསྡུ་ཁམས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞན་མི་ལྟེ་བ་༢༣ དང་གཅིག་ཁར་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཚར་གཅིག་ཡང་ མ་སྤྱོད་པར་ཡོདཔ་ད་ མི་སེར་ཚུ་གིས་ ཞབས་ཏོག་དེ་གི་སྐོར་ལས་ ལ་ལུ་ཅིག་གིས་ སྣང་དག་ར་ མི་བསྐྱེད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ སྤྱོད་པར་ར་ མི་འོང་དོ་ཡོདཔ་ཨིན་པས།
སྐྱེ་ཤིའི་ཐོ་བཀོད་དང་ ངོ་སྤྲོད་ལག་ཁྱེར་གསརཔ་བཟོ་ནི་ དེ་ལས་ ངོ་སྤྲོད་ལག་ཁྱེར་ཚབ་བཟོ་ནི་ མི་རྩིས་སྤོ་སོར་འབད་ནི་ ཚོང་འབྲེལ་གྱི་ཆོག་ཐམ་སྤྲོད་ནི་ གྲོང་གསེབ་ཤིང་ཆོག་ཐམ་ ཐབ་ཤིང་ དར་ཤིང་ དེ་ལས་ རཝ་རྐྱབ་ནིའི་དོན་ལུ་ ཤིང་ཆོག་ཐམ་གྱི་ཞབས་ཏོག་ཚུ་ ལྟེ་བ་ཚུ་ལས་ འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ བདེ་བ་ཐང་ལུ་ཡོད་མི་ ཞབས་ཏོག་ལྟེ་བ་གི་ གློག་རིག་ཀམ་པུས་ཊར་༢ ཡང་ ཟླཝ་༦ དེ་ཅིག་གི་ཧེ་མ་ གློག་ཤུགས་ཀྱིས་ མེདཔ་བཏང་ཡོདཔ་ལས་ ལཱ་འབད་མི་བཏུབ་དོ་ཡོདཔ་ད་ ལྟེ་བ་ཚུ་ཡང་ འབྲུག་འགྲེམ་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཞབས་ཏོག་ལྟེ་བ་ཚུ་ལས་ ཞབས་ཏོག་ཟེར་རུང་ འདྲ་བཤུས་རྐྱབ་ནི་དང་ པར་སྐྲུན་འབད་ནི་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་རྐྱངམ་གཅིག་ སྤྱོད་དོ་ཡོདཔ་ད་ དེ་ཡང་ག་ར་ སློབ་ཕྲུག་ཚུ་གིས་ བདུན་མཐའ་ཚུ་ནང་ སྤྱོད་པར་འོང་དོ་ཡོདཔ་ཨིན་པས།
བདེ་བ་ཐང་གི་ ཞབས་ཏོག་ལྟེ་བ་ནང་ལཱ་འབད་མི་ ཧ་རི་མ་ཡ་ གུ་རུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ ལྟེ་བ་དེ་ནང་ མི་ཕུད་རྡོག་གཅིག་གིས་ཡང་ ཞབས་ཏོག་སྤྱོད་པར་མ་འོང་ཟེར་ཨིནམ་ད་ མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ ལྟེ་བ་དེ་ནང་ལས་ འཐོབ་ཚུགས་པའི་ཞབས་ཏོག་ཚུ་གི་དོན་ལུ་ རྒེད་འོག་ལྟེ་བ་ཚུན་ འགྱོ་སར་མཐོང་ཡི་ཟེར་ཨིན་པས།
དྲའི་ཕཱམ་གྱི་ ཞབས་ཏོག་ལྟེ་བ་དེ་ནང་ གློག་རིག་གི་ཞབས་ཏོག་ཚུ་ཡོད་དེ་འབད་རུང་ གློག་མེ་ཏན་ཏོག་ཏོ་ཅིག་མེདཔ་ལས་ སྤྱོད་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ད་ སྒོམ་དར་དང་ ཨོ་རོང་ མར་ཚ་ལ་ ཕུན་ཚོགས་ཐང་ དེ་ལས་ པདྨ་ཐང་རྒེད་འོག་ཚུ་ནང་ གློག་རིག་ཡོངས་འབྲེལ་གྱི་ མཐུན་རྐྱེན་མེདཔ་ཨིན་པས།
དྲའི་ཕཱམ་གྱི་གློག་མེ་དེ་ རྒྱ་གར་ལས་མཐུད་ཡོདཔ་ལས་ ཏན་ཏོག་ཏོ་ཅིག་མེདཔ་ད་ དུས་ཚོད་མང་ཤོས་ར་ མེདཔ་ཐལ་ནི་འདུག་ཟེར་ ལྟེ་བ་གི་ལཱ་འབད་མི་ ཟླ་བ་རྒྱལ་པོ་གིས་ བཤད་ཡོདཔ་ད་ མི་སེར་ཚུ་གིས་ཡང་ ཞབས་ཏོག་དེ་སྤྱོད་པར་ འོང་ནི་མིན་འདུག་ཟེར་ཨིན་པས།
ངོ་སྤྲོད་ལག་ཁྱེར་ཅིག་གི་ འདྲ་བཤུས་རྐྱབ་ནིའི་དོན་ལུ་ རིན་དངུལ་ཀྲམ་༡༠ དང་ འདྲ་བཤུས་ཀྱི་དོན་ལུ་ དངུལ་ཀྲམ་༥ གློག་རིག་ཡོངས་འབྲེལ་སྤྱོད་མི་ཚུ་ལུ་ དུས་ཡུན་ཆུ་ཚོད་༡ ལུ་ དངུལ་ཀྲམ་༨༠ ལེན་དོ་ཡོདཔ་ཨིན་པས།
ཨོ་རོང་རྒེད་འོག་གི་ ཞབས་ཏོག་ལྟེ་བ་ནང་ལཱ་འབད་མི་ ཡེ་ཤེས་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདྲ་བཤུས་རྐྱབ་ནིའི་རིགས་ཚུ་ མང་ཤོས་ར་ སློབ་ཕྲུག་ཚུ་གིས་ སྤྱོད་ནི་འདུག་ཟེར་ཨིནམ་ད་ ལྟེ་བ་ཚུ་གིས་ དེ་བཟུམ་མའི་ ཞབས་ཏོག་བྱིན་མི་དེ་གིས་ ཟླཝ་རེ་ནང་ དངུལ་ཀྲམ་༡.༠༠༠ ལས་༣,༠༠༠ གྱི་བར་ན་ འཐོབ་ཚུགས་པས་ཟེར་ མོ་གིས་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment