གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལས་རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༦ པ་ཐོན་ཡོདཔ།

༨/༣/༢༠༡༣   ༉ བསམ་རྩེ་འོད་གསལ་རྩེ་ལས་ སྐྱེས་ལོ་༣༥ ལང་མི་ ན་ར་ཡཱན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྫོང་ཁག་གི་ འདེམས་ངོ་༦ པ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
འབྲུག་དངུལ་ཁང་ཚད་ཀྱི་ ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་པ་བགྲེསཔ་ཅིག་ཨིན་མི་ ན་ར་ཡཱན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ རང་མགོ་རང་འདྲོངས་བཟོ་ནི་ལུ་ གཙོ་བོར་བཏོན་ཞིནམ་ལས་ ལཱ་ཚུ་འབད་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་ཟེར་ཨིན་པས།

ན་ར་ཡཱན།


ཁོ་གིས་འབད་བ་ཅིན་ མི་སེར་གྱི་ བསམ་འཆར་ཚུ་ ལེགས་ཤོམ་སྦེ་ ཉན་ཞིནམ་ལས་ མི་སེར་གྱི་ ངོ་ཚབ་འབད་ནིའི་ རེ་བ་ཡོདཔ་མ་ཚད་ མི་སེར་གྱི་ ཚ་གྱང་ཚུ་ ག་ཅི་རང་ཡོདཔ་ཨིན་ནའི་སྐོར་ལས་ཡང་ ཤེས་འདོད་བསྐྱེདཔ་ཨིན་ཟེར་ཨིན་པས།
ན་ར་ཡཱན་ ད་ལཱལ་གྱིས་ འབྲུག་དངུལ་ཁང་དང་ སྒེར་ཚུ་ནང་ལཱ་འབད་ཡོདཔ་ལས་ ཁོ་ལུ་ ལཱ་གི་ཉམས་མྱོང་ ལོ་ངོ་༡༡ ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༢ ལུ་ ན་ར་ཡཱན་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ འབྲུག་དངུལ་ཁང་ནང་ དངུལ་ཁང་ལས་དོན་འགོ་དཔོན་སྦེ་ འཛུལ་ཡོདཔ་བཞིན་དུ་ ཤུལ་ལས་ འབྲུག་དངུལ་ཁང་གི་ དར་དཀར་ནང་ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་པའི་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་ འབྲུག་དངུལ་ཁང་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ རྒྱ་གར་ ཅེ་ནའི་ཨ་ན་གཙུག་ལག་སློབ་སྡེ་ནང་ ཚོང་རིག་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་ ལྷབ་ཡོདཔ་ཨིན་པས།
རྒྱ་གར་ལས་ གཙུག་ལག་མཐོ་རིམ་མཐར་འཁྱོལ་བའི་ཤུལ་ལུ་ ཁོ་གིས་ མི་སྟོབས་གོང་འཕེལ་དང་ ཚོང་འབྲེལ་འཛིན་སྐྱོང་གི་ གྲོས་སྟོན་ཡིག་ཚང་ཅིག་ སྒོ་ཕྱེས་ཡོདཔ་ཨིན་པས།
ན་ར་ཡཱན་ ད་ལཱལ་གྱི་ གཡུས་ཁའི་མི་སེར་ཚུ་གིས་ ཁོ་ལུ་ གཡུས་ཁའི་ངོ་ཚབ་འཐོན་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་ ཐག་བཅད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་རའི་ གཡུས་ཁའི་མི་སེར་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཡོད་ཟེར་ ན་ར་ཡཱན་གྱིས་ བཤདཔ་ཨིན་པས།
ན་ར་ཡཱན་དེ་ བསམ་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༦ པ་ཨིནམ་ད་ ཨིན་རུང་ ཁོ་གིས་ འདེམས་ངོ་གཞན་ཚུ་དང་ དོ་འགྲན་འབདཝ་མེན་ཟེར་ཨིན་པས།
འདེམས་ངོ་ལེ་ཤ་འཐོན་པ་ཅིན་ རྫོང་ཁག་གི་དོན་ལུ་ མི་ངོམ་དྲག་ཤོས་ཅིག་ བཙག་འཐུ་འབད་ཚུགས་ནིའི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་ ན་ར་ཡཱན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment