གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་དང་པ་ བཀྲིས་སྨོན་ལམ་ཞུ་ཐོག་ལས་ མཇུག་བསྡུ་ཡོདཔ།

༧/༣/༢༠༡༣   ༉ ཁ་ཙ་ སྤྱི་ལོ་༢༠༡༣ ཟླཝ་༣ པའི་ཚེས་༦ རང་ལུགས་གནམ་ལོ་ཆུ་མོ་སྦྲུལ་ལོ་ ཟླ་༡ པའི་ཚེས་༢༤ ལུ་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་གྲོལ་བའི་ བཀྲིས་སྨོན་ལམ་ཞུཝ་དང་གཅིག་ཁར་ བཙག་འཐུ་གྲུབ་པའི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་ཁང་གི་ གསེར་ཁྲིའི་རྩ་བར་ སྤུངས་འཛོམས་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་ཏེ་ རྒྱལ་ཁབ་དང་ མི་སེར་ཚུ་ ཞི་བདེ་དང་ དགའ་སྐྱིད་ཀྱི་ངང་ལུ་ གནས་ནི་གི་ སྨོན་འདུན་ཞུ་ཐོག་ལས་ གནས་ཡུན་ལོ་ལྔའི་ སྤྱི་ཚོགས་དང་པ་དེ་ མཇུག་བསྡུ་གནང་ཡི།
མི་དབང་རྒྱལ་བཙུན་རྣམ་༢ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།


སྤྱི་ཚོགས་དང་པ་མཇུག་བསྡུའི་ བཀྲིས་སྨོན་ལམ་དེ་ཡང་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ བླ་སློབ་ཚུ་གིས་ འགོ་ཁྲིད་ཐོག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཕུལ་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་ཡུན་ཚང་རན་མི་ སྤྱི་ཚོགས་ལུ་ གསུང་བཤད་གནངམ་དང་གཅིག་ཁར་ འདས་པའི་ལོ་༥ གི་རིང་ འགན་ཁུར་སྦོམ་འབག་སྟེ་ འཐུས་ཤོར་མེད་པར་ ཕྱག་ལཱ་མཛད་མི་ལུ་ བཀྲིན་དགའ་ཚོར་དང་ བཀྲིས་བདེ་ལེགས་ཡོད་ལུགས་གསུངས་གནང་ཡི།
རྒྱལ་སྤྱི་ལོ་༢༠༠༨ ལུ་ ང་བཅས་ག་ར་ འགན་ཁུར་སྦོམ་འབག་སྟེ་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ ཕྱག་ལཱ་ཚུ་ གཅིག་ཁར་མཛད་ནི་ འགོ་བཙུགས་གནང་ཡོདཔ་བཞིན་དུ་ ད་རིས་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༡༠ པའི་ནང་ཡང་ ང་བཅས་ཆ་ཁྱབ་དགའ་ཏོག་ཏོ་སྦེ་ གཅིག་ཁར་འཛོམས་ཚུགས་ནི་དེ་གིས་ གནམ་མེད་ས་མེད་སེམས་དགའ་ཡི་ཟེར་ མི་དབང་མཆོག་གིས་གསུངས་གནང་ཡི།
སྔོན་གོང་གི་ དྲིན་ཅན་ཕམ་དང་ རྒྱལཔོ་རིམ་བྱོན་ཚུ་གིས་ མི་སེར་གྱི་ མཐའ་དོན་ཚུ་ གཙོ་བོར་བཏོན་ཏེ་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་ མཛད་གནང་ཡོདཔ་མ་ཚད་ ལྷག་པར་དུ་ མི་སེར་ཚུ་གི་ ཁ་ཐུག་ལས་འབད་རུང་ར་ ཕྱག་མ་བཏུབ་བཏུབ་སྦེ་ཞུ་བའི་ གྲུབ་འབྲས་སྦོམ་ཤོས་དང་ རྩ་ཆེ་ཤོས་ ད་རིས་ ང་བཅས་རའི་ འབྲུག་རྒྱལ་ཁབ་སྔར་བ་ལྷག་སྟེ་ སྒྲིང་སྒྲིང་དང་ བདེ་སྐྱིད་ཀྱི་ངང་ལུ་ ལུང་བསྟན་གྱི་ དུས་སྐབས་ལུ་བབས་ད་ ང་བཅས་རའི་ རྒྱལ་རབས་ནང་ཚུད་པའི་ དམངས་གཙོའི་རིང་ལུགས་ཡང་ རྟགས་དང་རྟེན་འབྲེལ་གྱི་ཐོག་ལས་ འགོ་བཙུགས་གནང་མི་དེ་ཨིན་ཟེར་གསུངས་ཡི།
སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་འགོ་བཙུགས་པའི་སྐབས་ ངེ་གི་སེམས་ཁར་ ག་ཅི་བྱུང་ཡི་ཟེར་ ད་རིས་ ཚར་ཅིག་སླབ་པ་ཅིན་ མི་དབང་འབྲུག་རྒྱལ་༤ པ་ ང་བཅས་རའི་ བཀའ་དྲིན་ཅན་གྱི་ཕམ་ ལོ་ངོ་༣༤ གི་རིང་ འགན་ཁུར་ཧྲིལ་བུམ་སྦེ་བསྣམས་ཏེ་ ཕྱག་ལཱ་ཚུ་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་ མཛདཔ་དང་གཅིག་ཁར་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ནི་གི་ འགན་ཁག་རྩ་ཆེ་ཏོག་ཏོ་འདི་ ང་བཅས་ག་ར་ལུ་ ཐུགས་སྦོམ་གཏད་ཐོག་ལས་ སྨོན་ལམ་བཏབ་སྟེ་གནངམ་ད་ ང་ར་ག་ཅི་མནོ་ནི་ཨིན་ན་ཡང་ མ་ཤེསཔ་ཐལ་སོ་ཡི།
འདི་བཟུམ་སྦེ་ར་ ང་བཅས་རྒྱལ་ཁབ་ཀྱི་ ཕྱག་ལཱ་ག་ནི་བ་སྦོམ་མཛད་པའི་ དུས་སྐབས་ལུ་བབས་ད་ མི་སེར་ཚུ་གིས་འབད་རུང་ རྒྱལཔོ་ཡབ་སྲས་གཉིས་ཀྱིས་ ཕྱག་ལཱ་དེ་སྦེ་མཛད་དོ་ཟེར་ མི་སེར་གྱིས་ཡང་ དམངས་གཙོའི་རིང་ལུགས་ལས་བརྟེན་ཏེ་ ཕན་པ་སྦོམ་སྦེ་ ཐོགས་བཅུག་ཟེར་ རེ་བ་དང་ རེ་ཆེ་བསྐྱེད་དེ་འོངམ་ད་ ང་བཅས་ལུ་ སྦྱང་བ་ཡང་དེམ་ཅིག་མེད་པའི་གུ་ ལམ་ལུགས་འདི་ཡང་ གསརཔ་ཨིན་པའི་ཁར་ འདི་བཟུམ་མའི་ ཉམས་མྱོང་ཚུ་ཡང་མེདཔ་ལས་བརྟེན་ རང་བཞིན་གྱིས་སྦེ་ ད་ལས་ཕར་ ག་དེ་སྦེ་འགྱོ་འོང་ག་ཟེར་ ཚ་གྱང་དུམ་གྲ་ཅིག་ ལང་དགོཔ་བྱུང་ཡི་ཟེར་གསུངས་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ སྤྱི་ལོ་༢༠༠༨ ལས་ དལྟོ་ཚུན་ཚོད་ཀྱི་བར་ན་ ལོ་ངོ་༥ ཡང་མ་ལང་པའི་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ དམངས་གཙོའི་རིང་ལུགས་ཀྱི་གཞི་འགྱམ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲིང་བཟོ་ཡོདཔ་མ་ཚད་ དམངས་གཙོའི་ལམ་ལུགས་ཀྱི་ གཙུག་སྡེ་ཁག་སོ་སོ་ཚུ་ཡང་ ར་བཏགས་པའི་ཁར་  ཉམས་མྱོང་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཐོབ་ཅི་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་དང་ གཞུང་གི་བློན་པོ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ ཚོགས་འདུའི་འཐུས་མི་ག་ར་ སྤྱི་ལོ་༢༠༠༨ ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཙག་འཐུ་ལས་གྲུབ་ མི་སེར་གྱིས་གདམ་ཁ་རྐྱབ་ རྒྱལ་རབས་ནང་ཚུད་པའི་ ཕྱག་ལཱ་མཛད་པའི་སྐབས་ འགན་ཁག་སྦོམ་འབག་སྟེ་ འཐུས་ཤོར་མེད་པར་ ག་དེ་དྲག་དྲག་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཕྱིད་ལེགས་ཤོམ་སྦེ་ ཞུ་མི་དེ་ལུ་ ང་རའི་ཁ་ཐུག་ལས་ ཧིང་ལས་ར་ བཀྲིན་དགའ་ཚོར་དང་གཅིག་ཁར་ ངལ་རངས་ཀྱི་ བཀྲིས་བདེ་ལེགས་ཡོད་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
ང་བཅས་རའི་ དམངས་གཙོའི་ལམ་ལུགས་འདི་ གཞན་དང་མ་འདྲ་བའི་ ལམ་ལུགས་ཅིག་སྦེ་ བཞག་དགོཔ་ལས་ རྒྱལ་ཁབ་གཞན་ཚུ་གི་ ལམ་ལུགས་ངན་པ་ཚུ་སྤང་སྟེ་ ལེགས་ཤོམ་ཚུ་ དང་ལེན་འབད་ཐོག་ལས་ འབྲུག་རྒྱལ་ཁབ་ནང་ གཡོག་བཀོལ་ནི་དེ་ གནམ་མེད་ས་མེད་ཁག་ཆེཝ་བཞིན་དུ་ ད་ལས་ཕར་འབད་རུང་ འབྲུག་གི་དམངས་གཙོའི་ལམ་ལུགས་ ཡེ་ཤེས་ཀྱི་ནོརབུ་འདི་ གཙང་ཏོག་ཏོ་ ཧིང་སངས་ས་ ལེགས་ཤོམ་ སྒྲིང་སྒྲིང་སྦེ་ བཞག་ནི་དེ་ ཁག་ཆེ་ཟེར་གསུངས་ཡི།
མི་དབང་མཆོག་ འབྲུག་རྒྱལ་ལྔ་པ་སྦེ་ གསེར་ཁྲི་གུ་ ཕེབས་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ དུས་ཆེན་རྩ་ཆེ་ཏོག་ཏོ་ ལྔ་བྱུང་མི་དེ་ཡང་ དམངས་གཙོའི་རིང་ལུགས་འགོ་བཙུགས་གནང་ རྩ་ཁྲིམས་ཆེན་མོ་ཆ་འཇོག་མཛད་ རྒྱལ་པོའི་ཁྲི་མངའ་གསོལ་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ རྟེན་འབྲེལ་བརྩི་གནང་མི་ དེ་ལས་ མཇུག་ར་ འཕྲལ་ཁམས་ཅིག་ཁར་ རྗེ་མཁན་ཁྲི་རབས་༧༠ པ་གིས་ རྒྱལ་ཁབ་ཀྱི་སྐུ་རིམ་སྦེ་ སྤུངས་ཐང་བདེ་བ་ཆེད་པོའི་ཕོ་བྲང་གི་ ཐང་བཟོ་ནང་ དཔལ་བདེ་མཆོག་འཁོར་ལོ་བསྡོམ་པའི་དབང་ཆེན་འགོ་འདྲེན་འཐབ་མིའི་ནང་ དད་ཅན་ཁྲི་དང་ འབུམ་སྦེ་འཛོམས་ཏེ་ དབང་ཞུ་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ འདི་ཚུ་ག་ར་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་པས་ཟེར་གསུངས་ཡི།
ད་རུང་ མི་དབང་མཆོག་གིས་ གསུངས་མིའི་ནང་ རྒྱལ་ཁབ་ལུ་ ཁག་ཆེ་ཤོས་ཅིག་ འཆར་གཞི་གོང་འཕེལ་གྱི་ ཕྱག་ལཱ་འདི་ཨིནམ་ལས་ ལོ་ལྔའི་འཆར་གཞི་དེ་ རིམ་པ་བཞིན་དུ་མཛད་དེ་ གྲུབ་འབྲས་སྦོམ་སྦེ་ཐོན་ཏེ་ དུས་ཅི་ལས་ དུས་ཚོད་ཚུ་ཡང་ ཚང་དོ་ཡོདཔ་མ་ཚད་ འདི་བཟུམ་སྦེ་ སྤྱི་ཚོགས་དང་པ་དང་ གཞུང་དང་པའི་ གནས་ཡུན་ཚུ་ཡང་ཚང་ནི་གི་ དུས་ཚོད་ཁར་ལྷོད་དེ་ཡོད་པའི་ཁར་ རྒྱལ་ཁབ་ནང་ ག་ནི་བ་ཁག་ཆེ་བའི་ འགན་ཁག་སྦོམ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་རན་མི་དང་བསྟུན་ སྲིད་དོན་ཚོགས་པ་༥ གདོང་ཁར་ཐོན་མི་ཚུ་ཡང་ རྟགས་མཚན་ལེགས་ཤོམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
དེ་མ་ཚད་ འབྲུག་རྒྱལ་ཁབ་ལུ་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་ བྱིན་མི་དེ་ གཞན་དང་མ་འདྲ་བའི་ དཔྱེ་སྟོན་གྱི་ མཐུན་ལམ་རྒྱལ་ཁབ་ རྒྱ་གར་ཨིནམ་ལས་ རྒྱ་གར་རྒྱལ་ཁབ་དང་ གཞུང་ མི་སེར་ལུ་ འབྲུག་རྒྱལ་ཁབ་དང་ མི་སེར་གྱི་ཧོངས་ལས་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ལུགས་གསུངས་ཡི།
མི་དབང་མཆོག་ དུས་ཅི་ སྤྱི་ཟླ་༡ པའི་ནང་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་ཐེངས་༦༤ པ་ བརྩི་སྲུང་གི་དོན་ལུ་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་བཞིན་དུ་ འབྲུག་རྒྱལ་གསུམ་པ་མཆོག་ཡང་ སྤྱི་ལོ་༡༩༥༤ ལུ་ རྒྱ་གར་ལུ་ ཞབས་བཅགས་གནང་དོ་བཟུམ་སྦེ་ འཕྲོ་མཐུད་དེ་ར་ ཡབ་འབྲུག་རྒྱལ་༤ པ་མཆོག་ སྤྱི་ལོ་༡༩༨༤ དང་༢༠༠༥ ལུ་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡི་ཟེར་ གསུངས་ཡི།
མི་དབང་མཆོག་ རྒྱ་གར་ལུ་ སྐུ་མགྲོན་གཙོ་བོ་སྦེ་ མགྲོན་བརྡ་ཕུལ་མི་དེ་ རྒྱ་གར་གཞུང་དང་ མི་སེར་ཚུ་ལས་ འབྲུག་རྒྱལ་ཁབ་ལུ་ ཡིད་ཆེས་དང་དཔའ་ཉམས་ བརྩེ་གདུང་དང་ཆ་བཞག་ རྒྱབ་སྐྱོར་སྦོམ་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་གསུངས་ཡི། སྤྱི་ལོ་༡༩༥༨ ལུ་ པཱན་ཌིཊ་ནི་རུ་གིས་ འབྲུག་ལུ་ ཞབས་བཅགས་གནང་ཞིནམ་ལས་ སྤྱི་ལོ་༡༩༦༡ ལུ་ འཆར་གཞི་དང་པ་ལས་འགོ་བཟུང་སྟེ་ ད་ལྟོ་ འཆར་གཞི་༡༠ པ་ཚུན་ཚོད་ རྒྱབ་སྐྱོར་ཚུ་ ཧྲིལ་བུམ་སྦེ་ར་ ཕུལ་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ རྒྱབ་སྐྱོར་ཚུ་ སྦོམ་སྦེ་ར་ ཕུལ་འོང་་མནོ་བའི་ རེ་བ་དང་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་ ལྷག་པར་དུ་ སྒྲིང་སྒྲིང་འགྱོ་ནི་གི་ རེ་བ་ཡོད་ཟེར་གསུངས་ཡི།
མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་ མ་འོངས་མངོན་གཟིགས་ཅན་གྱི་རྒྱལཔོ་མཆོག་གིས་ ཕྱག་ལཱ་ཚུ་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་མཛད་ འབྲུག་རྒྱལ་ཁབ་ལུ་ཡང་ ཐུགས་སྨོན་གནང་སྟེ་ ལམ་སྟོན་བཟང་པོ་ཚུ་ཡང་ ངལ་རངས་ཏོག་ཏོ་སྦེ་བཙུགས་གནང་ དམངས་གཙོའི་རིང་ལུགས་དེ་ཡང་ ང་བཅས་ག་ར་ལུ་ ཐུགས་སྦོམ་སྦེ་གཏད་དེ་ རྩིས་སྤྲོད་གནངམ་ལས་བརྟེན་ ང་རའི་ཁ་ཐུག་ལས་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་དང་གཅིག་ཁར་ ད་ལས་ཕར་འབད་རུང་ མི་དབང་འབྲུག་རྒྱལ་༤ པ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནིའི་ སྨོན་ལམ་ཚུ་ ཕུལཝ་ཨིན་ཟེར་ གསུངས་ཡི།
ད་རིས་མཇུག་བསྡུ་བའི་ རྟེན་འབྲེལ་ལུ་ སྨོན་ལམ་བཟུམ་སྦེ་ བཏབ་པ་ཅིན་ ང་རའི་སྨོནལམ་འདི་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོ་ལས་བརྟེན་པའི་ དམངས་གཙོའི་རིང་ལུགས་ དམངས་གཙོའི་རིང་ལུགས་ལས་བརྟེན་ཏེ་ དབང་ཚད་ཚུ་ག་ར་ ང་བཅས་རའི་ མི་སེར་གྱི་ལག་པར་ མི་སེར་གྱི་རྒྱབ་སྐྱོར་ལས་བརྟེན་ཏེ་ ཁྲིམས་ཀྱི་རིང་ལུགས་འདི་ རྒྱ་ཆེ་ས་ལས་སྦེ་འགྱོ་ ཁྲིམས་ཀྱི་རིང་ལུགས་ལས་བརྟེན་ཏེ་ ང་བཅས་རའི་ དགག་བཤེར་དང་ ཚད་མཉམ་གྱི་ གཙུག་སྡེ་ཁག་ཆེ་ཏོག་ཏོ་ཚུ་ ར་མ་བཏུབ་བཏུབ་སྦེ་བཏགས་འོང་ དེ་ལས་བརྟེན་ཏེ་ གཞུང་སྐྱོང་ལེགས་ལྡན་གྱི་ ལམ་ལུགས་ཚུ་བཟངམོ་སྦེ་འགྱོ་ དེ་ལས་བརྟེན་ཏེ་ མི་སེར་གྱི་ རེ་འདོད་ཚུ་ག་ར་ རེ་བ་ལས་ལྷག་དོན་གྲུབ་ རྒྱལ་ཁབ་སྒྲིང་སྒྲིང་ཡོད་མི་འདི་ ཐེབས་ཅིག་ར་སྒྲིང་སྒྲིང་བཟོ་ མི་སེར་ཡར་རྒྱས་བཏགས་ ད་ལས་ཕར་ སྐལ་པ་མ་སྟོང་གི་བར་དུ་ བདེ་སྐྱིད་ཀྱི་ཉིམ་ཤར་བའི་ བཀྲིས་སྨོན་ལམ་ཚུ་ ཕུལཝ་དང་གཅིག་ཁར་ ག་ར་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ མི་དབང་མངའ་ཞབས་མཆོག་གིས་ གསུངས་གནང་ཡི།
རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གཙོས་པའི་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ རྒྱལ་ཡོངས་ཚགས་སྡེའི་ཁྲིའཛིན་ རྣམ་རྒྱལ་དཔལ་འབྱོར་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་གིས་ སྤྱི་ཚོགས་དང་པའི་ གནས་ཡུན་ལོ་༥ གི་རིང་ལུ་ མི་དབང་མངའ་ཞབས་མཆོག་གིས་ བཀའ་སློབ་བཟང་པོ་དང་ ཞལ་བཀོད་གནང་མི་ལུ་བརྟེན་ དམངས་གཙོའི་ལམ་ལུགས་ཀྱི་ གྲུབ་འབྲས་ལེགས་ཤོམ་བྱུང་མི་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ མི་དབང་མཆོག་ལུ་ གུས་བཏུད་དང་བཅས་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment