གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་འདི་ ཨེ་ཌི་བི་མ་དངུལ་ཐོག་ལས་ གོང་འཕེལ་གྱི་ལས་སྣ་ འགོ་འདྲེན་འཐབ་མི་ དྲག་ཤོས་ཨིནམ།

༧/༣/༢༠༡༣   ༉ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ སྤྱི་ལོ་༢༠༡༢ ནང་ འབྲུག་རྒྱལ་ཁབ་དེ་ ཨེ་ཤི་ཡའི་རྒྱལ་ཁབ་༦ གི་གྲས་ལས་ དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལས་འགུལ་དང་ ལས་སྣ་ཚུ་ འགོ་འདྲེན་འཐབ་མི་ དྲག་ཤོས་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།


དེ་གི་སྐོར་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ གཙོ་འཛིན་འོག་མ་ ཟི་འུ་ཡུ་ཞཱ་འོ་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ ཞུ་བ་འབད་ཡོདཔ་ཨིན།
བློན་ཆེན་དང་མཇལ་བའི་ཤུལ་ལུ་ ཁོ་གིས་ བརྡ་བརྒྱུདཔ་ཚུ་དང་ཡང་ ཕྱད་ཡོདཔ་ད་ དེ་གི་སྐབས་ལུ་ འབྲུག་རྒྱལ་ཁབ་དེ་ གོང་འཕེལ་གྱི་ལས་འགུལ་དང་ གཞན་མི་ལས་སྣ་ཚུ་ འགོ་འདྲེན་འཐབ་མི་ དྲག་ཤོས་ཅིག་སྦེ་ ངོས་འཛིན་འབད་མི་དང་འཁྲིལ་ ད་ལས་ཕར་ མ་དངུལ་གྱི་རྒྱབ་སྐྱོར་འབད་མིའི་ལས་སྡེ་ཚུ་ མངམ་སྦེ་ ཐོན་འོང་ཟེར་སླབ་ཅི།
ད་ཚུན་ལུ་ ཨེ་ཤི་ཡན་རྒྱལ་ཁབ་༦ གི་གྲས་ལས་ མཱལ་དེབསི་དང་ འབྲུག་༢ ནང་ དངུལ་ཁང་གི་ཡིག་ཚང་ མེདཔ་བཞིན་དུ་ འབྲུག་ལུ་ཡིག་ཚང་ཅིག་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
ཡིག་ཚང་གསར་བཙུགས་ཀྱི་དོན་ལུ་ ས་ཆ་ཚུ་ཡང་ ངོས་འཛིན་འབད་དེ་ཡོདཔ་མ་ཚད་ ཡིག་ཚང་དེ་ གཞི་བཙུགས་འབད་བའི་བསྒང་ལས་ འབྲུག་གིས་ ད་ལྟོ་བཟུམ་སྦེ་ ལཱ་ག་ཅི་ར་འབད་དགོཔ་ཐོན་རུང་ ཕི་ལི་པེནསི་གི་རྒྱལ་ས་ མ་ནི་ལ་གི་དངུལ་ཁང་བརྒྱུད་དེ་ འབད་དགོཔ་མེད་ཟེར་ཨིན་པས།
འབྲུག་གཞུང་དང་གཅིག་ཁར་ འདས་པའི་ལོ་༢ དེ་ཅིག་གི་རིང་ ལཱ་ཚུ་འབད་ཚར་ཏེ་ ས་ཁོངས་ངོས་འཛིན་འབད་དེ་ ད་རིས་ ས་ཁོངས་ནང་ ལྟ་སྐོར་འབད་བར་ འགྱོ་ནི་ཨིན་པས།
འབྲུག་ལུ་ ཡིག་ཚང་མེད་པའི་སྐབས་ མ་ནི་ལ་དང་ འབྲུག་གི་བར་ན་ དུས་ཡུན་ཆོད་ཚོད་༢ ཀྱི་ ཁྱད་པར་ཡོདཔ་ལས་ ལཱ་འབད་ནིའི་ནང་ དུས་ཡུན་རིངམོ་སྦེ་ར་ འགོར་ཡོདཔ་ཨིན་རུང་ ཡིག་ཚང་དེ་ལུ་བརྟེན་ དངུལ་ཁང་དང་ གཞུང་གི་བར་ན་ ཉིན་བསྟར་བཞིན་དུ་ འབྲེལ་བ་འཐབ་ཚུགས་ནི་ཨིནམ་ལས་ ལཱ་ག་ཅི་ར་འབད་རུང་ མགྱོགས་སུ་སྦེ་འབད་ཚུགས་ཟེར་ཨིནམ་མ་ཚད་ དངུལ་ཁང་གི་དོན་ལུ་ གལ་གནད་ཆེ་བའི་ བྱ་རིམ་ཅིག་ ཨིན་ཟེར་ཨིན་པས།
དངུལ་ཁང་གིས་ ཟད་འགྲོ་རྒྱབ་སྐྱོར་ཚུ་ཡང་ རྒྱལ་ཁབ་ཀྱི་གོང་འཕེལ་འཆར་གཞིའི་ གཙོ་རིམ་དང་འཁྲིལ་ཏེ་ བྱིན་དོ་ཡོདཔ་ད་ འགྲོས་ཀྱིས་སྦེ་ ཤེས་རིག་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ དེ་ལས་ ཚོང་ལཱ་ཆེ་བ་དང་ ཆུང་བ་ཚུ་ལུ་ཡང་ རྒྱ་བསྐྱེད་འབད་ནིའི་ འོས་འབབ་ཡོདཔ་མ་ཚད་ ལྟ་བཤལ་དང་ བཟའ་ཁང་གཞི་བཙུགས་འབད་ནི་ཚུ་ནང་ཡང་ གྲོགས་རམ་འབད་འོང་ཟེར་ཨིན་པས།
འདས་པའི་ལོ་༣༠ འི་རིང་ དངུལ་ཁང་གིས་ འབྲུག་ལུ་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ད་ འདས་པའི་ལོ་༥ འི་གྲས་ལས་ སྤྱི་ལོ་༢༠༠༨ ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༢༥ བྱིན་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ དངུལ་ཁང་གིས་ ལས་འགུལ་བསྡོམས་༣༥ འི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༥༠༠ དེ་ཅིག་གི་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༡༥༠,༠༠༠ དེ་ཅིག་གི་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཟི་འུ་ཡུ་ཞཱ་འོ་གིས་འབད་བ་ཅིན་ ཁོ་གིས་ འབྲུག་ལུ་ཚར་ལེ་ཤ་ཅིག་ར་ འོང་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ གོང་འཕེལ་མགྱོགས་དྲག་སྦེ་ འགྱོ་ས་མཐོང་ནི་དེ་གིས་ སེམས་དགའ་བས་ཟེར་ཨིནམ་ད་ འབྲུག་ལུ་ མི་སྡེ་དང་ དཔལ་འབྱོར་གོང་འཕེལ་ཚུ་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོཝ་མས་ཟེར་ཨིན་པས།
དངུལ་ཁང་གིས་ རྒྱལ་ཁབ་ཀྱི་ གཡུས་སྒོ་ཚུ་ནང་ གློག་མེ་བཀྲམ་སྤེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ད་ ད་རེས་འབདཝ་ད་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་༦ གི་གྲས་ལས་ ཁྱིམ་གུང་ག་རའི་ནང་ གློག་མེ་བཀྲམ་སྤེལ་འབད་ཚར་མི་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཁང་གིས་ འབྲུག་རྒྱལ་ཁབ་ནང་ ཡུ་ཨེསི་ཌོ་ལར་༡༠༠,༠༠༠ དེ་ཅིག་གནས་པའི་ ལས་འགུལ་ཚུ་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོད་ཟེར་ཨིན་པའི་ཁར་ སྲིད་བྱུས་རྒྱབ་སྐྱོར་དང་ གློག་མེ་ཐོན་སྐྱེད་འབད་ནི་ དེ་ལས་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་དཔལ་འབྱོར་མཉམ་འབྲེལ་འཆར་བཀོད་ དེ་ལས་ བསྐྱེལ་འདྲེན་ཞབས་ཏོག་ཚུ་ གཙོ་རིམ་ཅན་གྱི་ལས་འཆར་ ཨིན་ཟེར་ཨིན་པས།
ད་རེས་ཀྱི་གྲུབ་འབྲས་གནས་སྟངས་དེ་ དངུལ་ཁང་དང་ རྒྱལ་ཁབ་༢ ཆ་ར་ལུ་ ཕན་རླབས་ཆེ་དྲགས་ཅིག་ ཨིནམ་མ་ཚད་ འབྲུག་གིས་ ལས་འགུལ་ཚུ་ གྲུབ་འབྲས་ཅན་སྦེ་ འགོ་འདྲེན་འཐབ་མི་གིས་ དངུལ་ཁང་གི་ མིང་གཏམ་ ཡར་དྲག་བཏངམ་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment