གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ལུ་ ཏམ་ཁུའི་ནང་ཁྲལ་ཡར་སེང་འབད་མི་གིས་ འབྲུག་མི་ཏམ་ཁུ་འཐུང་མི་ཚུ་ལུ་གནོད་ནི།

༡༤/༣/༢༠༡༣   ༉ རྒྱ་གར་གཞུང་གིས་ སྤྱི་ལོ་༢༠༡༣ ལས་༢༠༡༤ ཚུན་གྱི་ གཅིག་སྒྲིལ་འཆར་དངུལ་ནང་ ཏམ་ཁུ་སི་ག་རེཊི་གི་ནང་ཁྲལ་ བརྒྱ་ཆ་༢༠ ཡར་སེང་འབད་མི་ལུ་བརྟེན་ སྤྱི་ཟླ་༤ པ་ལས་ ཏམ་ཁུ་འཐུང་མི་ཚུ་གིས་ རིན་གོང་མཐོ་སུ་སྦེ་ སྤྲོད་དགོཔ་འཐོན་ནི་ཨིན་པས།
Add caption


དེ་མ་ཚད་ ནུབ་བེང་གཱལ་དང་ ཨ་སམ་མངའ་སྡེའི་ གཞུང་ཚུ་གིས་འབད་བ་ཅིན་ ནང་ཁྲལ་དེ་ བརྒྱ་ཆ་༢༥ ཡར་སེང་འབད་ཡོདཔ་ཨིན་པས།
ནང་ཁྲལ་ཚུ་ཡང་ ཏམ་ཁུ་སི་ག་རེཊི་ བཟོ་ཁང་ཚུ་ནང་ ཡར་སེང་འབད་བའི་སྐབས་ དེ་གིས་ འཆང་སྤྱོད་འབད་མི་ཚུ་ལུ་ ཐད་ཀར་དུ་ གནོད་ནི་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ཅིག་སྦེ་ སྤྱོད་དོ་ཡོད་མི་ ཝིལསི་ སི་ག་རེཊི་ ཤོག་སྒམ་རེ་ལུ་ད་ལས་ཕར་དངུལ་ཀྲམ་༡༥༠ རེ་ གནས་ནི་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ལྷོ་ཕྱོགས་ཁ་ཐུག་གི་ ས་མཚམས་ས་གནས་ཚུ་ནང་ལས་ སི་ག་རེཊི་ ཝིལསི་ ཤོག་སྒམ་རེ་ལུ་ གོང་ཚད་དངུལ་ཀྲམ་༦༠ དང་ རུ་པི་༥༠ རེ་སྤྲོད་དེ་ ཉོ་ཚུགསཔ་ཨིན་པས།
ད་ལས་ཕར་ གལ་སྲིད་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ སི་གེ་རེཊི་ཚུ་ཉོ་སྟེ་ འབྲུག་ལུ་ འབག་འོང་དགོ་པ་ཅིན་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཁྲལ་བརྒྱ་ཆ་༡༠༠ བཀལ་མི་གིས་ མ་བརྩི་བར་ ཤོག་སྒམ་རེ་ལུ་ དངུལ་ཀྲམ་༡༠༠ ལས་༡༢༠ རེ་ སྤྲོད་དགོ་ནི་ཨིན་པས།
སྒེར་སྡེ་ཅིག་ནང་ ལཱ་འབད་མི་ ཚེ་རིང་གིས་འབད་བ་ཅིན་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ ཏམ་ཁུ་འཐུང་མི་ཚུ་གིས་ ཏམ་ཁུ་བཅད་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིནམ་མ་ཚད་ ཧེ་མ་ ལེ་ཤ་སྦེ་ འཐུང་མི་ཚུ་གིས་ཡང་ མར་ཕབ་འབད་ཚུགས་པའི་ ཕན་པ་འབྱུང་འོང་ཟེར་ཨིན་པས།
ལས་འཛིན་ཅིག་གི་ ལས་བྱེདཔ་ རིག་འཛིན་གྱིས་ བཤད་མིའི་ནང་ ཁྲལ་ཡར་སེང་འབད་མི་དེ་གིས་ ཕན་གྲོགས་ག་དེ་སྦེ་འབྱུང་འོང་ག་ སླབ་མ་ཤེས་རུང་ རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ལས་ ཏམ་ཁུའི་ཚོང་རྐྱབ་ནི་དེ་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཐིམ་ཕུ་ལུ་ སི་ག་རེཊི་ ཤོག་སྒམ་ཅིག་ལུ་ དངུལ་ཀྲམ་༡༠༠ སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ ཀྲོང་གསར་དང་ བཀྲིས་སྒང་བཟུམ་མའི་ ས་གནས་ཚུ་ནང་ ཤོག་སྒམ་རེ་ལུ་ དངུལ་ཀྲམ་༢༥༠ ལས་༣༠༠ རེ་ སྤྲོད་དགོཔ་ཨིན་མས་ཟེར་སླབ་ཅི།
ལ་ལུ་ཅིག་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཏམ་ཁུ་འཐུང་མི་ཚུ་ལུ་ ཉེས་བྱ་བཀལ་མི་གིས་མ་ཚད་ ཉེས་ཁྲིམས་ཚུ་ཡང་ བཀལ་ཡོདཔ་ཨིན་རུང་ ཁྲིམས་འགལ་ཐོག་ ཚོང་འབྲེལ་འཐབ་མི་ཚུ་ དེ་སྦེ་ར་ འདུག་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ སྤྱི་ལོ་༢༠༠༤ ལུ་ བཀག་ཆ་འབད་ཡོདཔ་ད་ གལ་སྲིད་ བཀག་ཆ་དེ་ལས་ བརྒལ་མི་རེ་ཐོན་པ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་བའི་ཁར་ ཚོང་གི་ཆོག་ཐམ་ཚུ་ཡང་ ཆ་མེད་གཏང་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ རང་གིས་སྤྱོད་ནིའི་དོན་ལུ་ མི་ཅིག་གིས་ སི་ག་རེཊི་ཕུད་རྡོག་༢༠༠ དང་ ཁའི་ནི་ག་རམ་༥༠ རེ་ ཁྲལ་བརྒྱ་ཆ་༡༠༠ བཏབ་སྟེ་ ནང་འདྲེན་འབད་ཆོགཔ་བཟོ་ཡོདཔ་ད་ བཀག་ཆ་མ་འབད་བའི་ཧེ་མ་ཡང་ ནང་འདྲེན་འབད་བའི་སྐབས་ ནང་ཁྲལ་བརྒྱ་ཆ་༥༠ བཀལ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོང་འབྲེལ་གྱི་ ཁེ་སང་ལུ་བརྟེན་ མི་ལེ་ཤ་ཅིག་གིས་ ཏམ་ཁུ་ཚུ་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་བའི་ གནད་དོན་ལེ་ཤ་ཅིག་ར་ ཐོན་དོ་ཡོད་མི་དང་འཁྲིལ་ ལ་ལུ་ཅིག་ འཛིན་བཟུང་འབད་དེ་ ཉེས་ཁྲིམས་ཚུ་ཡང་ བཀལ་ཡོདཔ་ཨིན།
ན་ཧིང་གི་ལོ་ནང་ རིན་གོང་དངུལ་ཀྲམ་ས་ཡ་༡.༠༤ གནས་པའི་ སི་ག་རེཊི་ཕུད་རྡོག་ས་ཡ་༠.༤༧ ཁྲིམས་འཐུས་བཏབ་ཐོག་ལས་ ནང་འདྲེན་འབད་ཡོདཔ་ད་ དེ་གི་གྲས་ལས་ བརྒྱ་ཆ་༢༦ རྒྱ་གར་ལས་དང་ གཞན་མི་ཏམ་ཁུའི་རིགས་ཚུ་ ཐའི་ལེནཌི་དང་ མ་ལེ་ཤི་ཡ་ བང་ལ་དེཤི་ ཇ་པཱན་ དེ་ལས་ རྒྱ་ནག་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་འགལ་ཐོག་ ནང་འདྲེན་འབད་མི་ སི་ག་རེཊི་ཕུད་རྡོག་༨༩,༣༣༥ ཁྲིམས་སྲུང་འགག་པ་ཚུ་གིས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
རིན་གོང་དངུལ་ཀྲམ་༤༩,༧༧༩ གནས་པའི་ བཟའ་ནིའི་ཏམ་ཁུ་ ཀེ་ཇི་༡,༢༨༥ ནང་འདྲེན་འབད་ཡོདཔ་ད་ རྒྱ་གར་དང་ ཀིའུ་བ་ དེ་ལས་ རྒྱ་ནག་རྒྱལ་ཁབ་ཚུ་ལས་ རིན་གོང་དངུལ་ཀྲམ་༥༡,༤༧༠.༨༥ གནས་པའི་ སི་གར་ཕུད་རྡོག་༧༠༩ དེ་ལས་ དངུལ་ཀྲམ་༢,༧༤༦ གནས་པའི་ བི་རི་ཚུ་ རྒྱ་གར་རྒྱལ་ཁབ་ནང་ལས་ ནང་འདྲེན་འབད་ནུག།
དེ་ལས་ ཐའི་ལེནཌི་དང་ ཇར་མ་ནི་ ཡུ་ཀེ་ ཇ་པཱན་ དེ་ལས་ རྒྱ་གར་རྒྱལ་ཁབ་ཚུ་ལས་ དངུལ་ཀྲམ་༥,༢༩༣.༥༠ གནས་པའི་ གཞན་མི་ཏམ་ཁུའི་རིགས་ ཀེ་ཇི་༢.༢༣ ནང་འདྲེན་འབད་ཡོདཔ་ད་ ན་ཧིང་གི་ལོ་ནང་ ཏམ་ཁུ་ལུ་བརྟེན་པའི་ ཁྲལ་དངུལ་ཀྲམ་ས་ཡ་༢.༡ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་འཆང་སྤྱོད་འབད་མི་ཚུ་ འབྲུག་སྨྱོ་རྫས་དམ་འཛིན་དང་ཁྲིམས་དོན་དབང་འཛིན་གྱིས་ དབྱེ་ཞིབ་འབད་དེ་ དབྱེ་རིམ་༤ པའི་ཉེས་ཆེན་ བཀལ་དོ་ཡོདཔ་ཨིན་པས།
དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ན་ཧིང་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་འཆང་སྤྱོད་འབད་མིའི་ གནད་དོན་ཁག་༣༢ ཐོན་མི་དང་འབྲེལ་ མི་གྲངས་༤༥ འཛིན་བཟུང་འབད་ས་ལས་༣༣ ཕོ་སྐྱེས་དང་༡༢ ཨམ་སྲུ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment