གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་རྩ་ཅན་ཨིན་རུང་ མི་མང་གིས་ ཤེས་རྟོགས་མེད་པར་ལུས་ཡོདཔ།

༡༤/༣/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ སྨན་སྦིས་རྒེད་འོག་ སྟག་མོ་ཆུ་གཡུས་ཚན་གྱི་ ཉེ་འདབས་ལུ་ཡོད་པའི་ འབར་ལྷ་ཁང་ཟེར་མི་དེ་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ མ་འོངས་སེམས་ཅན་ཚུ་གི་ མཐའ་དོན་ལུ་ སྐུ་རྗེས་བཞག་ཡོད་པའི་ ལྷ་ཁང་རྩ་ཅན་ཅིག་ཨིན་རུང་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ར་ མི་ཤེས་དོ་ཡོདཔ་ཨིན་པས། 
གུ་རུ་སྐུ་རྗེས་ཡོད་མི་ འབར་ལྷ་ཁང་།


ལྷ་ཁང་དེ་ སྟག་མོ་ཆུ་གཡུས་ཚན་ནང་འགྱོ་སའི་ འཁོར་ལམ་གྱི་གཡས་ཕྱོགས་ལུ་ དུས་ཡུན་སྐར་མ་དག་པ་ཅིག་གི་ས་ཁར་ བྱག་གི་སྐེད་པར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་པའི་ཁར་ ལྷ་ཁང་གི་ནང་ན་ གུ་རུའི་སྐུ་རྗེས་དེ་ བྱག་གུ་ལུ་ ཡ་མཚན་ཅན་སྦེ་ མཇལ་ཚུགསཔ་ཨིན་པས།
ཐོག་ཚད་༡ འབད་མི་ འབར་ལྷ་ཁང་དེ་ སྟག་མོ་ཆུ་གཡུས་ཚན་གྱི་ མི་སེར་ཚུ་གིས་ རྩ་ཅན་ཅིག་སྦེ་ བརྩི་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ སྐུ་རྗེས་དེ་ བུམ་ཐང་སྐུ་རྗེས་ལྷ་ཁང་དང་ དབྱེ་བ་མེད་པར་ མཇལ་ནི་ཡོད་མི་ལུ་བརྟེན་ཨིན་པས།
ལྷ་ཁང་དེ་ ག་དེམ་ཅིག་ རྩ་ཅན་ཨིན་ནའི་སྐོར་ལས་ མཁན་པོ་དཀར་པོ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ དང་ཕུ་ ལྷ་ཁང་གི་འོག་ལུ་ མཚོ་ཅིག་ཡོདཔ་ལས་ མཚོ་སྨན་དེ་གིས་ ས་གནས་དེ་ཁའི་ མི་དང་སེམས་ཅན་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་མ་ཚད་ ས་གནས་ཀྱི་ རྒྱ་ལམ་ཡང་ཨིནམ་ལས་ མི་དང་ སེམས་ཅན་འགྲོ་འགྲུལ་འབད་མི་ཚུ་ལུ་ གནོད་པ་སྦོམ་རྐྱབ་སྟེ་ སྡོད་ནུག་ཟེར་ཨིན་པས།
དེ་ལས་ ཨྱོན་གུ་རུ་རིན་པོ་ཆེ་གིས་ མཁྱེནམ་བཞིན་དུ་ དམ་བཏགས་པར་བྱོན་ཏེ་ ད་ལྟོ་ ལྷ་ཁང་ནང་ཡོད་པའི་ བྱག་གུ་ལུ་ ཐུགས་དམ་གནང་སྟེ་ བདུད་དེ་བཏུལ་ཞིནམ་ལས་ བྱག་དེ་ཁར་ མ་འོངས་སེམས་ཅན་ཚུ་གི་དོན་ལུ་ སྐུ་རྗེས་བཞག་གནང་ནུག་ཟེར་ཨིན་པས།
ལྷོ་ཕྱོགས་མུན་པའི་བྲག་ལ་ སྐུ་རྗེས་བཞག་ཟེར་ མི་དེ་ ལྷ་ཁང་དེ་ནང་གི་ སྐུ་རྗེས་དེ་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ལས་ འབར་ལྷ་ཁང་ནང་གི་ སྐུ་རྗེས་དེ་ མཇལ་ཚུགས་པ་ཅིན་ ཚེ་ད་རེས་ བར་ཆད་བསལ་ནི་དང་ རང་གི་བསམ་དོན་ཚུ་ ཡིད་བཞིན་དུ་འགྲུབ་ནི་ དེ་ལས་ ཚེ་ཕྱི་མ་ ངན་སོང་གི་སྡུག་བསྔལ་ལས་འགྲོལ་ནི་དང་ ལྷག་པར་དུ་ ཨྱོན་གུ་རུ་རིན་པོ་ཆེ་གི་ ཞིང་ཁམས་ལུ་ སྐྱེ་ཚུགས་པའི་ཕན་ཡོན་ཚུ་ བསམ་གྱིས་མི་ཁྱབ་པར་ཡོད་ཟེར་ཨིན་པས།
འབར་ལྷ་ཁང་ཟེར་ མིང་བཏགས་དགོ་པའི་ རྒྱབ་ཁུངས་དེ་ཡང་ གུ་རུ་རིན་པོ་ཆེ་མཆོག་གིས་ ད་རེས་ ལྷ་ཁང་གི་འོག་ལུ་ མི་ཊར་༥༠༠ དེ་ཅིག་གི་ ས་གནས་ཁར་ ཆུ་ཅིག་འཐོན་ནི་ཡོད་མི་ གནས་བདག་དྲག་པོ་དེ་ བཏུལ་བའི་སྐབས་ལུ་ གུ་རུ་མེ་འབར་གྱི་ ཁྲོ་བོ་ལུ་སྤྲུལ་ཏེ་ བཏུལ་ནི་དེ་གིས་ཨིན་ཟེར་ཨིན་པས།
ལྷ་ཁང་དེ་ སེམས་ཅན་ཚུ་གི་ བསོད་ནམས་ལུ་བརྟེན་ བར་སྐབས་ཅིག་ལུ་ བདག་འཛིན་མེད་པར་ལུས་ཡོད་རུང་ ད་རེས་ནངས་པ་ སྔར་བ་དྲགཔ་སྦེ་ ཡར་དྲག་སོང་ཡོདཔ་ད་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་དང་ ལྷག་པར་དུ་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་གིས་ འབར་ལྷ་ཁང་དེ་ རྩ་ཅན་ཨིནམ་ཧ་གོ་སྟེ་ དུས་བཟང་ཚུ་གི་སྐབས་ལུ་ མཇལ་བར་འོང་ནི་འདུག་ཟེར་ ལྷ་ཁང་གི་དཀོན་གཉེར་ བསོད་ནམས་ཚེ་རིང་གིས་ སླབ་ཨིན་པས།
ད་ལྟོ་ཚུན་ ལྷ་ཁང་དེ་ནང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཡོད་མི་ གུ་རུ་རིན་པོ་ཆེ་གི་ སྐུ་རྗེས་དེ་ ག་དེམ་ཅིག་ རྩ་ཅན་ཨིན་རུང་ མི་མང་ཤོས་ཅིག་གིས་ མི་ཤེས་དོ་ཡོདཔ་ད་ ཨིན་རུང་ མ་འོངས་པ་ལུ་ ལྷ་ཁང་མཇལ་མི་ བརྒྱ་ཕྲག་ལས་བཅད་དེ་ འོང་ནི་གི་ གོ་སྐབས་ཡོད་མི་དེ་ཡང་ ད་རེས་ནངས་པ་ སྟག་མོ་ཆུ་གཡུས་ཚན་གྱི་ལྟག་ལུ་ ས་གནས་སྟག་སྐད་ལ་ལུ་ མཁན་པོ་དཀར་པོ་གིས་ འཛམ་གླིང་ནང་ སྔར་མེད་པའི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ སྦོམ་ཤོས་ཅིག་ བཞེངས་པའི་བསྒང་ ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment