གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་རིམ་༡༢ པ་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་ལས་རིམ་ མཇུག་བསྡུ་ཡོདཔ།

༡༤/༣/༢༠༡༣   ༉ སློབ་རིམ་༡༢ པ་མཐར་འཁྱོལ་ཏེ་ ཕྱིའི་རྒྱལ་ཁབ་ནང་ མཐོ་རིམ་ཤེས་ཡོན་སྦྱང་པ་འགྱོ་མི་ སློབ་ཕྲུག་ཚུ་ལུ་ ཉིན་གྲངས་གཉིས་ཀྱི་རིང་ དམིགས་བསལ་གྱི་ གོམས་འདྲིས་སློབ་སྦྱོང་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ ཤེས་རིག་བློན་པོ་ ཋ་ཀུར་སིང་པའུ་ཌེལ་གྱིས་ བཀའ་སློབ་གནང་ཐོག་ལས་ མཇུག་བསྡུ་ཡི།


ཉིན་གྲངས་གཉིས་ཀྱི་རིང་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ གཙོ་བོ་ར་ སློབ་ཕྲུག་ཚུ་གིས་ ཕྱི་རྒྱལ་ཁབ་ནང་ལས་ཕར་ ལོ་༣ ལྷགཔ་ཅིག་ སྡོད་དགོ་པའི་སྐབས་ ག་ཅི་རང་ འབད་དགོཔ་ཨིན་ན་དང་ ག་དེ་སྦེ་ སྡོད་དགོཔ་ཨིན་ན་ དེ་ལས་ སློབ་ཕྲུག་ཚུ་གིས་ ཤེས་དགོཔ་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན།
ན་ལོན་དང་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ བ་བཱ་རམ་ཤར་མ་གིས་འབད་བ་ཅིན་ ཉིན་གྲངས་༢ ཀྱི་རིང་ དམིགས་བསལ་གྱི་ ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ དུས་ཅི་ལོ་ནང་ སློབ་ཕྲུག་༡༧༣ གྱིས་ ཕྱིའི་རྒྱལ་ཁབ་ནང་ འགྱོ་ནི་ཨིན་མི་ཚུ་ལུ་ གོ་བརྡའི་ལས་རིམ་ཅིག་ ཨིན་ཟེར་བཤད་ཅི།
ལས་རིམ་དེ་གི་སྐབས་ལུ་ ལས་ཁུངས་དང་ལས་སྡེ་ དེ་ལས་ འབྲེལ་བ་ཡོད་པའི་མི་ངོམ་ཚུ་གིས་ གསལ་བཤད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བློན་པོ་ཋ་ཀུར་སིང་པའུ་ཌེལ་གྱིས་ ཁོང་ཕྱི་རྒྱལ་ཁབ་ཚུ་ནང་ འགྱོ་བའི་སྐབས་ རྒྱལ་ཁབ་ཀྱི་ངོ་ཚབ་བཟུམ་ཅིག་སྦེ་ འགྱོ་དོ་ཡོད་པའི་ཁར་ ད་རེས་ ཁོང་གིས་ དེ་བཟུམ་གྱི་ གྲུབ་འབྲས་ཐོན་མི་དེ་ ལོ་ངོ་༡༣ གྱི་རིང་ དཔེ་ཆ་ལྷབ་པའི་ འབྲས་བུ་ཨིན་ཟེར་བཤད་ཅི།
དེ་མ་ཚད་ བློན་པོ་གིས་ ཁོང་ཨ་ལུ་ རྒྱལ་ཁབ་ནང་ལས་ ལྕོགས་གྲུབ་ཅན་གྱི་མི་ཨིནམ་ལས་ དེ་བཟུམ་སྦེ་ འབད་ཚུགས་ནི་དེ་ དཀོན་སུ་ཅིག་ཨིན་ཟེར་ཨིན་པའི་ཁར་ གཙུག་ལག་སློབ་སྡེ་ག་ཏེ་འགྱོ་རུང་ དེ་ནང་ལས་ རིག་རྩལ་མ་འདྲཝ་ཚུ་ལེ་ཤ་ འཐོབ་ནི་ཨིནམ་ལས་ ང་བཅས་རའི་ རྒྱལ་ཁབ་ཀྱི་དོན་ལུ་ ལེན་དགོཔ་ ཁག་ཆེ་ཟེར་ཨིན་པས།
རོགས་ཀྱི་རྒྱལ་ཁབ་ནང་ འགྱོ་བའི་སྐབས་ དཀའ་ངལ་དང་གདོང་ལེན་ཚུ་ འོང་སྲིད་ནི་ཨིན་རུང་ དེ་ཚུ་ལུ་ མ་ལྟ་བར་ གོ་སྐབས་ཐོབ་མི་དེ་ལུ་ གཙོ་རིམ་བཟུང་དགོ་པའི་ཁར་ གཙུག་ལག་སློབ་སྡེ་ནང་སྡོད་རིང་ དཔེ་ཆ་རྩ་འགེངས་ལྷབ་སྟེ་ དུས་ཚོད་ཁར་ སློབ་སྦྱོང་ཚུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལོ་ངོ་དག་པ་ཅིག་གི་ཤུལ་ལས་ རྒྱལ་ཁབ་ཀྱི་གནས་སྟངས་ལུ་ འགྱུར་བ་འཐོན་ནི་ཨིན་རུང་ དེ་བསྒང་ རང་དང་མཐུན་པའི་ འགན་ཁུར་དང་ ཐོབ་དབང་ དེ་ལས གོ་སྐབས་ཚུ་ འཐོན་འོང་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ རང་སོའི་གཙུག་ལག་སློབ་སྡེ་ཚུ་ནང་ ལྷོད་པའི་ཤུལ་ལས་ དཀའ་ངལ་དུམ་གྲ་རེ་ཐོནམ་ད་ བརྡ་བརྒྱུད་ནང་སླབ་སྟེ་ འབྲུག་ལུ་སྡོད་མི་ རང་སོའི་ཕམ་ཚུ་ལུ་ ཚ་གྱང་ལང་བཅུག་ནི་ མི་འོང་ཟེར་ཨིན་པས།
སློབ་ཕྲུག་མང་ཤོས་ཅིག་གིས་ ད་ལྟོ་ གཙུག་ལག་སློབ་སྡེ་ ག་ཏེ་ལུ་ འགྱོ་ནི་ཨིན་ན་ མ་ཤེས་པ་ཡོདཔ་ཨིན་རུང་ ལས་རིམ་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡོདཔ་ད་ ལས་རིམ་དེ་ཡང་ འབྲུག་ཉེན་བཅོལ་ལས་འཛིན་གྱིས་ མ་དངུལ་གྲོགས་རམ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ ཀུན་བཟང་རྒྱལ་མཚན་གྱིས་ ཞི་བའི་བཟོ་རིག་ནང་ སློབ་སྦྱོང་འབད་བར་འགྱོ་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ནང་འགྱོ་ནི་དེ་ འགོ་དང་པ་འབདཝ་ལས་ ལས་རིམ་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment