གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ཚུན་གྱི་བར་ན་ འདེམས་ངོའི་གྱངས་ཁ་༣༣ ལུ་ལྷོད་ཡོདཔ།

༡༤/༣/༢༠༡༤   ༉ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ འདེམས་ངོ་༨ འབད་མི་ སྡེ་ཚན་ཅིག་ ངོ་སྤྲོད་འབད་མི་དང་འཁྲིལ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོའི་གྱངས་ཁ་༣༣ ལུ་ ལྷོད་ཡོདཔ་ཨིན་པས།
སྡེ་ཚན་ནང་ ད་ཚུན་གྱི་བར་ན་ ཨམ་སྲུ་འདེམས་ངོ་དག་པ་ཅིག་ ངོ་སྤྲོད་འབད་མིའི་གྲས་ལས་ གཞོན་ཤོས་ཨིནམ་ད་ སྐྱེས་ལོ་༢༥ ལས་༤༦ གི་བར་ན་འབད་མི་ འདེམས་ངོ་ཚུ་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ ཞི་གཡོགཔ་བགྲེསཔ་ དེ་ལས་ཚོང་ལཱ་འབད་མི་ ཚུ་ཡོདཔ་ཨིན་པས།




རྡོ་རྗེ་དབང་མོ།
འདེམས་ངོ་༨ ཀྱི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ རྡོ་རྗེ་དབང་མོ་གིས་ ཧཱ་གསང་སྦིས་ཁ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་དང་ དོ་འགྲན་འབད་ནི་ཨིན་པས།
ཀམ་པུས་ཊར་ཚན་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ སྐྱེས་ལོ་༢༥ ལང་མི་གིས་འབད་བ་ཅིན་ མོ་ར་ སྲིད་ཚོགས་ནང་ འཛུལ་དགོ་མི་དེ་ གཞན་ག་ད་ཡང་ དོ་འགྲན་འབད་ནིའི་དོན་ལུ་མིན་པར་ འབྲུག་རྒྱལ་ཁབ་འདི་ མདུན་བསྐྱོད་ཀྱི་ ལམ་ཕྱོགས་ལུ་ ཞུགས་པའི་ནམ་དུས་ལུ་ ཉམས་མྱོང་འཐོབ་ནི་དང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཚུ་ ལྷབ་སྦྱང་འབད་ཐབས་ལུ་ཨིན་ཟེར་ཨིན་པས།

བིམ་ཐ་པ།
འདེམས་ངོ་༨ ཀྱི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ བིམ་ཐ་པ་གིས་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་- མན་ཌལ་སྒང་འདེམས་ཁོངས་ལས་ ཚོགས་པའི་ངོ་ཚབ་སྦེ་ འཐོན་ནི་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ སྐྱེས་ལོ་༤༦ ལང་མི་གིས་ སླབ་མིའི་ནང་ ཁོ་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་དེ་ གྲོང་གཡུས་ཚུ་ནང་དང་ མི་སེར་རྒན་ཤོས་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་བཏང་སྟེ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགསཔ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།

དགེ་ལེགས་དོན་གྲུབ།
སྐྱེས་ལོ་༢༩ ལང་མི་ དགེ་ལེགས་དོན་གྲུབ་ཀྱིས་ བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་འདེམས་ཁོངས་ལས་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྒེར་སྡེ་ནང་ འཛུལ་མི་ལུ་བརྟེན་ ཁོ་ལུ་ ཐག་བཅད་ནི་དང་ མི་སེར་དང་ འབྲེལ་བ་འཐབ་ཐངས་ཀྱི་ རིག་རྩལ་ཚུ་ ཐོབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གྲོང་གཡུས་དང་ ཁྲོམ་སྡེ་གཉིས་ཆ་རའི་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།

ཀརྨ་དངོས་གྲུབ།
ལས་འཛིན་དང་ སྒེར་སྡེའི་ནང་ ལཱ་འབད་མི་ ཀརྨ་དངོས་གྲུབ་ཀྱིས་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྟེ་ ཁོང་གི་ དཀའ་སྡུག་ཚུ་ལུ་ ཉན་ཞིནམ་ལས་ ཐབས་ལམ་ཚུ་ གཏོན་ནི་གི་དོན་ལུ་ སྲིད་དོན་དེ་ གོ་སྐབས་ཅིག་ཨིནམ་སྦེ་ འཆར་སྣང་བསྐྱེདཔ་ཨིན་པས།
སྐྱེས་ལོ་༣༨ ལང་མི་དེ་ ཆུ་ཁ་རྫོང་ཁག་ བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ལས་ མཉམ་རོགས་ཚོགས་པའི་ འདེམས་ངོ་ཨིནམ་ད་ ཁོ་གིས་ ཚོགས་པ་དེ་ གདམ་ཁ་རྐྱབ་མི་དེ་ཡང་ འབྲུག་པའི་མི་སེར་རེ་རེ་བཞིན་དུའི་ བརྩི་མཐོང་དང་ རེ་འདོད་ཚུ་ལུ་ གཞི་འཛིན་འབད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།

དཀོན་མཚོ་དབང་འདུས།
དམག་སྡེའི་འགོ་དཔོན་བགྲེསཔ་ དཀོན་མཚོ་དབང་འདུས་ཀྱིས་ བཀྲིས་སྒང་རྫོང་ཁག་ མཁའ་གླིང་-ཝམ་རོང་འདེམས་ཁོངས་ལས་ འབྲེལ་གཏོགས་འབད་ནི་ཨིན་པས།
སྐྱེས་ལོ་༤༥ ལང་མི་དེ་གིས་ འབྲུག་གི་བསྟན་སྲུང་དམག་སྡེའི་ནང་ ལོ་ངོ་༢༡ ཕྱག་ཞུ་ཡོདཔ་ད་ དུས་ཚོད་སྤྲོ་སྣང་ཅན་སྦེ་ འགྱུར་འགྱོ་མིའི་ནང་ འབྲེལ་གཏོགས་ཐོག་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡི་ཟེར་ སླབ་ཨིན་པས།

ཀཱུལ་བྷ་དུར་ཏ་མང་།
སྐྱེས་ལོ་༣༣ ལང་མི་ ཀཱུལ་བྷ་དུར་ཏ་མང་གིས་ གསར་སྤང་ཤོམ་སྤང་ཁ་འདེམས་ཁོངས་ལས་ མཉམ་རུབ་ཀྱི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་མི་ ཀཱུལ་བྷ་དུར་ཏ་མང་ལུ་ ལས་འཛིན་དང་ སྒེར་སྡེའི་ནང་ ལཱ་འབད་བའི་ ཉམས་མྱོང་ཐོབ་ཡོདཔ་ད་ ཁོ་གིས་ མི་སེར་དང་ གཞུང་གི་བར་ན་ གོ་བརྡ་གཏིང་ཟབ་དང་ བློ་གཏད་གོང་འཕེལ་གཏང་ནིའི་དོན་ལུ་ སྲིད་དོན་ནང་ འཛུལ་ཡི་ཟེར་ སླབ་ཨིན་པས།

ཚེ་རིང་།
སྐྱེས་ལོ་༣༩ འབད་མི་ སློབ་གྲྭའི་སློབ་དཔོན་ ཚེ་རིང་གིས་ གཞལམ་སྒང་རྫོང་ཁག་ པཱན་སྦང་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་པས།
ཚེ་རིང་དེ་ མཐའ་ཟུར་རྫོང་ཁག་ནང་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ལས་ མི་སེར་སྤྱང་ཀའི་མཐའ་དོན་ལུ་ ཞབས་ཏོག་ཞུ་ནི་གི་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།

ཚེ་དབང་སྒྲོལ་མ།
སྐྱེས་ལོ་༢༧ ལང་མི་དེ་གིས་ ཁྲིམས་དོན་སློབ་སྦྱོང་འབད་མི་དེ་ བཤོལ་བཞག་ཐོག་ སྲིད་ཚོགས་ནང་འཛུལ་ནུག།
ལྷུན་རྩེ་སྒང་ཟུར་-སྨན་རྗེ་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་ཨིན་མི་ ཚེ་དབང་སྒྲོལ་མ་གིས་ སླབ་མིའི་ནང་ མོ་ར་ ཨམ་སྲུ་གཞོནམ་ཅིག་འབད་བ་ལུ་བརྟེན་ ཚོགས་པའི་ནང་ ན་གཞོན་གྱི་ཧོངས་ལས་ འཛུལ་བ་ཅིན་ ལེགས་ཤོམ་འོང་ནི་མས་མནོ་སྟེ་ འཛུལ་ཡོདཔ་མ་ཚད་ ཚོགས་པའི་ལྟ་བ་ལུ་ལྟ་སྟེ་ སྤྲོ་བ་སྦོམ་ར་བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment