གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༤/༣/༢༠༡༣   གཡུས་སྒོའི་ཆོསཔ་ཚུ་ལུ་ ཚོགས་རྒྱན་གྱི་ ཐོབ་དབང་གནང་དགོཔ།
༉ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ བཙག་འཐུ་འབད་ཐོག་ལས་ འབྲུག་འདི་ འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་ དམངས་གཙོའི་རྒྱལ་ཁབ་སྦེ་ བཟོ་གནངམ་དང་གཅིག་ཁར་ འབྲུག་པའི་མི་སེར་ཡོངས་ལུ་ ཐོབ་དབང་ཚུ་ གནང་ཡོད་ཟེར་ཞུ་ནི།



འབྲུག་གི་འགོ་ཐོག་བཙག་འཐུའི་སྐབས་ གྲྭ་ཚང་དང་ བཤད་གྲྭ་ སྒྲུབ་སྡེ་ སྒོམ་སྡེ་ ཨ་ནེམོ་གྲྭ་ཚང་ཚུ་ནང་ མཚན་ཐོ་ཡོད་མི་ སྤྲུལ་སྐུ་དང་ བླ་སློབ་ དགེ་སློང་ དེ་ལས་ ཆོས་སྒོར་ཞུགས་མི་ཚུ་མ་གཏོགས་ ཆོས་སྡེ་ག་ཏེ་ནང་ར་ ཐོ་བཀོད་དང་ ལག་ཁྱེར་མེད་མི་ གཡུས་སྒོའི་ཆོསཔ་དང་ སྒོམ་ཆེན་ཚུ་ལུ་ ཚོགས་རྒྱན་གྱི་ འདྲ་པར་ཐོབ་ཡོདཔ་མ་ཚད་ ཐོབ་དབང་དང་འཁྲིལ་ ཚོགས་རྒྱན་ཡང་ བཙུགས་ནི་གི་ གོ་སྐབས་གནང་ཡི་ཟེར་ཞུ་ནི།
གཡུས་སྒོ་ཚུ་ནང་ འགྲོ་དོན་ཕྱམ་ཕྱིམ་དང་ ཆོས་ཨ་ཙི་རེ་འབད་ཤེས་མི་ཚུ་ལུ་ དེ་བཟུམ་མའི་ ཐོབ་དབང་གནང་མི་ལུ་བརྟེན་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་ཐོག་ལས་ འབྲུག་གི་དམངས་གཙོའི་བྱ་རིམ་ནང་ ལྷན་ཐབས་འབད་ཚུགསཔ་ལས་ དཔའ་ཉམས་བྱུང་ཡི་ཟེར་ཞུ་ནི།
ཨིན་རུང་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་བཙག་འཐུའི་སྐབས་ ཆོས་ལུ་འབྲེལ་གཏོགས་ཡོད་མི་ སྒོམ་ཆེན་ཚུ་ལུ་ ཚོགས་རྒྱན་གྱི་ འདྲ་པར་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཆོག་ཟེར་ ལམ་ལུགས་བཟོ་ཡོད་མི་གིས་མ་ཚད་པར་ ཧེ་མར་ བགོ་སྤྲོད་འབད་ཚེ་ ཚོགས་རྒྱན་གྱི་ འདྲ་པར་ཚུ་ ལོག་བསྡུ་འབག་དོ་ཡོད་པའི་ ལོ་རྒྱུས་ཡང་ཡོདཔ་ལས་ མི་སེར་ཚུ་ གནམ་མེད་ས་མེད་ རྣམ་རྟོག་ལང་སྟེ་འདུག་ཟེར་ཞུ་ནི།
འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ མི་སེར་ཚུ་ ཆོས་ལུ་དད་མོས་དང་ ཡིད་ཆེས་སྦོམ་བསྐྱེད་མི་ཙང་ཙ་ཡོདཔ་ལས་ ཆོས་ལུ་འབྲེལ་གཏོགས་མ་འབད་མི་ག་ཡང་མི་འོང་ཟེར་མནོཝ་མས། འབྲུག་གི་དམངས་གཙོའི་ནང་ གྲྭ་ཚང་དང་ བཤད་གྲྭ་ སྒོམ་སྡེ་ཚུ་ནང་ ཐོ་བཀོད་ཡོད་མི་རྐྱངམ་གཅིག་མེན་པར་ གཞན་ཆོས་ཨ་ཙི་རེ་འབད་དེ་སྡོད་མི་ཚུ་ཡང་ ཚོགས་རྒྱན་བཙུགས་མི་ཆོག་ཟེར་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཁྲོམ་སྡེ་དང་ གྲོང་གསེབ་ཟེརཝ་མེད་པར་ ག་ཏེ་ལུ་ཡང་ ཁྲོས་མ་གི་ ཆོས་འབད་མི་དང་ ཁྲོས་མ་ལུ་ ཉམས་ལེན་མཐར་ཕྱིན་ཏེ་ བླམ་དང་མཚམས་པ་ལུ་གྱུར་མི་ བརྒྱ་ཕྲག་ལེ་ཤ་ཡོད་མི་དེ་ ག་གིས་ཡང་མ་མཁྱེནམ་མི་འོང་། འདི་ཚུ་ལུ་ཡང་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་བསྟར་སྤྱོད་འབད་ཆོག་ནི་མས།
མ་གཞི་ ངོ་མ་འབད་བ་ཅིན་ གཡུས་ཁའི་སྒོམ་ཆེན་ཕྱམ་ཕྱིམ་ཚུ་ལས་ ཁོང་ཁྲོས་མ་གི་ ཉམས་ལེན་འབད་མི་ཚུ་ ཆོསཔ་ངོ་མ་འབད་ བརྩི་དགོཔ་འདུག་ཟེར་ ཞུ་ནི་དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྒོམ་ཆེན་བཟུམ་ ཁྲོས་མ་ཉམས་ལེན་འབད་མི་ཚུ་གིས་ ཚོགས་པ་བཟོ་སྟེ་ ཕར་ཚུར་འགྱོ་ནི་ཡོད་ཟེར་ཞུ་ནི།
ཁྲོས་མའི་ཆོས་འབད་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་བསྟར་སྤྱོད་འབད་ཆོགཔ་ད་ ང་བཅས་སྒོམ་ཆེན་ཐོ་བཀོད་ག་ཏེ་ཡང་མེད་མི་ཚུ་ ག་ཅི་སྦེ་ ཚོགས་རྒྱན་བཙུགས་མ་ཆོགཔ་སྨོ་ཟེར་ཞུ་ནི།
སྤྱི་ལོ་༢༠༡༣ གྱི་བཙག་འཐུའི་ བྱ་རིམ་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡར་སེང་དང་ མ་འོངས་པ་ལུ་ཡང་ བཙག་འཐུའི་བྱ་རིམ་ཚུ་ མཐར་འཁྱོལ་ཅན་འབྱུང་ཐབས་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་ཚུ་ ཆོས་སྡེ་ག་ཅི་ནང་ཡང་ ཐོ་བཀོད་མེད་མི་ སྒོམ་ཆེན་དང་ ཆོས་ཕྱམ་ཕྱིམ་འབད་མི་ཚུ་ལུ་ གནང་ནི་དེ་གལ་ཆེ།
འདི་འབདཝ་ལས་ ལམ་ལུགས་དེ་ བསྒྱུར་བཅོས་ཐོག་ སྔར་ག་ཨིནམ་སྦེ་ བཞག་གནང་ཟེར་ ཞུ་ནི་ཨིན།
 
ཚང་ལྷ་ནོར་བུ། མོང་སྒར།

No comments:

Post a Comment