གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་འཁྱུ་ཁང་གསརཔ་ཅིག་ གཞི་བཙུགས་འབད་ཡོདཔ།

༡༢/༣/༢༠༡༣   ༉ ཐིམ་ཕུ་ཨོ་ལ་ཁ་ལུ་སྦེ་ ཨེསི་ཊི་ ཨོ་ཊོ་ ཨིསི་པཱ་ཟེར་མི་ འཕྲུལ་ཆས་ཐོག་ལས་ སྣུམ་འཁོར་ཆུ་འཁྱུ་ནིའི་ ཞབས་ཏོག་ཅིག་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ གཞི་བཙུགས་འབད་ཡོདཔ་ད་ འཕྲུལ་ཆས་དེ་གིས་ སྣུམ་འཁོར་འཁྱུ་ནིའི་ཆུ་ཚུ་ཡང་ བསྐྱར་གསོ་འབད་དེ་ ལག་ལེན་འཐབ་ཚུགས་དོ་ཡོདཔ་ལས་ ཆུ་འཕྲོ་བརླག་འགྱོ་དགོཔ་ མེདཔ་ཨིན་པས།
ཆུ་ལི་ཊར་༣ ལས་ ལག་ལེན་འཐབ་མ་དགོ་པའི་ སྣུམ་འཁོར་འཁྱུ་ཁང་གསརཔ།


འཕྲུལ་ཆས་དེ་ཡང་ སྒོ་རའི་ བཟོ་བཀོད་བཟུམ་སྦེ་ མཐོང་དོ་ཡོདཔ་ད་ དེ་གི་མཐའམ་དང་ ཐོག་ཁ་ལས་ རྒྱུ་སྐུདཔ་གིས་བཟོ་མི་ རས་ཆས་ཚུ་ཡོད་པའི་ཁར་ སྣུམ་འཁོར་སྐམ་ནིའི་དོན་ལུ་ གཡས་དང་གཡོན་ལས་ རླུང་མ་ཡང་ བཏང་བཏུབ་ཨིན་པས།
སྣུམ་འཁོར་དེ་ ས་ཁོངས་དེ་ནང་སྐྱེལ་བའི་སྐབས་ འཕྲུལ་ཆས་ཀྱི་ གློག་མེའི་ཐེབ་ཅུ་ཨེབ་ད་ རང་བཞིན་གྱིས་ འཐེན་བདའ་འགྱོ་དོ་ཡོདཔ་ད་ མཐའམ་དང་ ཐོག་ཁ་ལས་ཕར་ཡོད་པའི་ རས་ཆས་ཚུ་ བསྒྱིར་ཐོག་ལས་ སྣུམ་འཁོར་གུ་དབུར་ཏེ་ འཁྱུ་དོ་ཡོདཔ་ཨིན་པས།
ཨིན་རུང་ འཕྲུལ་ཆས་དེ་གིས་ ཕྱི་ཁའི་བཟོ་བཀོད་ཚུ་མ་གཏོགས་ ནང་ན་འཁྱུ་མི་བཏུབ་དོ་ཡོདཔ་ལས་ གལ་སྲིད་ ནང་ན་ཡང་ འཁྱུ་འདོད་ཡོད་པ་ཅིན་ སྣུམ་འཁོར་འཁྱུ་ས་ གཞན་ཁར་བཟུམ་སྦེ་ མི་གིས་འཁྱུ་དགོཔ་ཨིན་པས།
སྣུམ་འཁོར་འཁྱུ་ཁང་གཞི་བཙུགས་འབད་མི་ སངས་རྒྱས་ཚེ་རིང་གིས་འབད་བ་ཅིན་ འཕྲུལ་ཆས་དེ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལས་ ཉོ་འདྲེན་འབད་ཡོདཔ་ད་ དེ་གི་དོན་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༨ སྤྲོད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲུལ་ཆས་དེ་ ལག་ལེན་འཐབ་ནིའི་དོན་ལུ་ འཕྲུལ་རིགཔ་ཚུ་ཡང་ སྦྱོང་བརྡར་ཅན་ཙང་ཙ་ ཡོདཔ་མ་ཚད་ སྣུམ་འཁོར་འཁྱུ་བའི་སྐབས་ ལག་ལེན་འཐབ་མི་ ཆུ་བརྒྱ་ཆ་༨༠ བསྐྱར་གསོ་འབད་དེ་ ལག་ལེན་འཐབ་བཏུབ་ནི་ཨིནམ་བཞིན་དུ་ སྣུམ་འཁོར་འཁྱུ་བའི་སྐབས་ ཆུ་ཚུ་ འཕྲུལ་ཆས་ཀྱི་ ཉེ་འདབས་ལུ་ཡོད་པའི་ བསྐྱར་གསོ་འབད་སའི་ ཆུ་རྗིང་ནང་འགྱོཝ་ཨིན་ཟེར་བཤད་ཅི།
དེ་དང་འཁྲིལ་ སྣུམ་འཁོར་འཁྱུཝ་ད་ ཆུ་ལི་ཊར་༣ ལས་བརྒལ་ ལག་ལེན་འཐབ་མ་དགོཔ་ད་ ཆུ་ཚུ་ཡང་ ཐིམ་ཕུ་གཙང་ཆུ་ནང་ལས་སྦེ་ འཐེན་དོ་ཡོདཔ་ཨིན་པས།
སངས་རྒྱས་ཚེ་རིང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ སྣུམ་འཁོར་འཁྱུ་བའི་སྐབས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་མི་ གླང་ལེབ་དང་ ཤེམ་པུ་ཚུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
འཕྲུལ་ཁང་དེ་ཡང་ ཨོ་ལ་ཁ་ ཧུན་ཌའེ་སྣུམ་འཁོར་འགྲེམས་སྟོན་ཁང་གི་ ཉེ་འདབས་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ དུས་ཡུན་ཆུ་ཚོད་རེ་ལུ་ སྣུམ་འཁོར་༣༠ རེ་ འཁྱུ་ཚུགསཔ་ཨིན་པས།
འཕྲུལ་ཁང་དེ་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ སྒོ་འབྱེད་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་གཞི་ རྒྱལ་ཁབ་ནང་ ཆུའི་ཁྲིམས་ལུགས་ཚུ་ ལེགས་ཤོམ་སྦེ་ བཟོ་སྟེ་ཡོདཔ་ཨིན་རུང་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་མེད་མི་ལུ་བརྟེན་ གཙང་ཆུ་དང་ གཞན་མི་ཆུ་ཆུང་ཀུ་ཚུ་གི་ ཉེ་འདབས་ལས་ཕར་ སྣུམ་འཁོར་འཁྱུ་མི་ཚུ་ ད་ལྟོའི་བར་ན་ཡང་ བཀག་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ དེ་བཟུམ་མའི་ མཐུན་རྐྱེན་འགོ་དང་པ་ གཞི་བཙུགས་འབད་མི་དེ་གིས་ ཆུའི་ཁྲིམས་ལུགས་ ལག་ལེན་འཐབ་ནིའི་ནང་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་མ་ཚད་ མཐུན་རྐྱེན་དེ་གིས་ དམིགས་བསལ་དུ་ རང་བཞིན་གནས་སྟངས་ལུ་ཡང་ གནོད་པ་མེད་པའི་ ཕན་ཐོགས་འབྱུང་འོང་ཟེར་ སླབ་ཨིན་པས།
མཐུན་རྐྱེན་དེ་གི་ཐོག་ལས་ སྣུམ་འཁོར་ཚུ་ ཆུ་འཁྱུ་བའི་སྐབས་ སྣུམ་འཁོར་གྱི་ སྦོམ་ཆུང་དང་ ཞབས་ཏོག་གི་དབྱེ་བ་དང་འཁྲིལ་ཏེ་ འཐུས་ཚུ་ཡང་ དངུལ་ཀྲམ་༡༧༠ ལས་༦༠༠ ཚུན་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment