གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཨ་ལུ་ལྟ་མི་ ཐོབ་མ་ཚུགས་པའི་དཀའ་ངལ།

༡༢/༣/༢༠༡༣  ༉ སྐྱེས་ལོ་༡༨ ལང་མི་ ཀརྨ་བཟང་མོ་གིས་ ལོ་ངོ་༣ གྱི་རིང་ ཨ་ལུ་ལྟ་མི་སྦེ་ སྡོད་པའི་ཤུལ་ལས་ ཆང་ཁང་གཅིག་ནང་ ལཱ་འབད་ནིའི་གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡོདཔ་ཨིན་པས།
མོ་གི་ཟླ་རིམ་ དངུལ་ཕོགས་དེ་ ཧེ་མ་དང་ཕྱདཔ་ད་ གྱུར་བ་མེད་དེ་འབད་རུང་ ཨ་ལུ་ལྟ་ནི་ལས་ ལཱ་གཡོག་གཞན་ཐོབ་མི་ལུ་ དགའ་བ་བྱུང་ཡི་ཟེར་ཨིན་པས།



ཀརྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་ལཱ་གཡོག་དེ་ནང་ མོ་ལུ་ དུས་ཚོད་དུམ་གྲ་རེ་ དལཝ་ཐོན་དོ་ཡོདཔ་ལས་ ད་ལས་ཕར་ མོ་ལུ་ དངུལ་ཕོགས་ལོག་ལྟབ་སྦེ་བྱིན་གེ་ ཨ་ལུ་ལྟ་མི་སྦེ་ཤོག་ཟེར་སླབ་པ་ཅིན་ འདི་ལུ་གདམ་ཁ་ རྩ་ལས་ར་མི་རྐྱབ་ཟེར་ཨིན་པས།
ཨ་ལུ་སྐྱེས་ལོ་༢ ཀྱི་ཨའི་ཅིག་ཨིན་མི་ ཟླ་བ་ ཁྱིམ་ནང་ཨ་ལུ་ལྟ་ནི་དང་ སྒྲ་དབྱངས་ནང་ ལཱ་འབད་བར་འགྱོ་དགོཔ་འབདཝ་ད་ དཀའཝ་སྤྱད་དོ་ཡོདཔ་ཨིན་པས།
མོ་ར་ ལཱ་འབད་སའི་སྒྲ་དབྱངས་ཀྱི་ སྦོ་ལོགས་ཁར་ སྡོད་དོ་ཡོདཔ་ལས་ མོ་གིས་ དུས་ཚོད་ཐོབ་པའི་སྐབས་ལུ་ ཁྱིམ་ནང་སོང་ཞིནམ་ལས་ ཨ་ལུ་གི་མཐའ་སྐྱོང་འབདཝ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཨ་ལུ་༢ ཀྱི་ཨའི་ཨིན་མི་ ཀུན་ལེགས་དབང་མོ་གིས་ ཨ་ལུ་ལྟ་མི་ ཐོབ་མ་ཚུགས་མི་ལུ་བརྟེན་ མོ་རའི་ གཡོག་བཀོག་བཞག་དགོཔ་ཐོན་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ལོ་རེ་ནང་ ཨ་ལུ་༡༠༠༠ ལྷགཔ་ཅིག་སྐྱེས་དོ་ཡོདཔ་ལས་ དེ་གི་གྲས་ལས་ བཟའ་ཚང་༥༠༠ དེ་ཅིག་ལུ་ ཨ་ལུ་ལྟ་མིའི་དགོས་མཁོ་ ཐོན་དོ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལུ་ཡོངས་བསྡོམས་༤,༠༥༢ སྐྱེས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ དེ་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ ལས་གཡོག་ལྷན་ཁག་གི་ རྒྱབ་སྐྱོར་ཐོག་ལས་ འབྲུག་ཨམ་སྲུ་ལཱ་གཡོག་ཚོགས་པ་གིས་ ན་གཞོན་༤༧ ལུ་ ཁྱིམ་ནང་གི་ ལཱ་གཡོག་འབད་ནིའི་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ཨིན་རུང་ མང་ཤོས་ཅིག་གིས་ བཟའ་ཁང་དང་ ཚོང་ཁང་ཚུ་ནང་ལཱ་འབད་བར་འཛུལ་ཡོདཔ་ཨིན་པས།
འབྲུག་ཨམ་སྲུ་ལཱ་གཡོག་ཚོགས་པའི་གཙོ་འཛིན་ ཨམ་དམ་ཆོས་དཔལ་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་གི་ ལཱ་གཡོག་འབད་ནིའི་ནང་ ན་གཞོན་ཚུ་གིས་ དང་འདོད་བསྐྱེད་མ་བཏུབ་མི་དེ་ཡང་ ལཱ་འབད་མི་དང་ ལཱ་སྤྲོད་མི་གཉིས་ གཅིག་གིས་གཅིག་ལུ་ གུས་ཞབས་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལཱ་གཡོག་ནང་ཡོད་མི་ ཨ་ལུ་གི་ ཨའི་ཚུ་གི་དོན་ལུ་ ཐབས་ལམ་གསརཔ་ཅིག་ གཞུང་གི་ཁ་ཐུག་ལས་ བཏོན་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ལཱ་གཡོག་སྤྲོད་མིའི་ཁ་ཐུག་ལས་ ལཱ་གཡོག་ནང་ཡོད་མི་ ཨའི་ཚུ་ལུ་ ཁོང་རའི་ཨ་ལུ་ གཅེས་སྐྱོང་ལྟེ་བའི་ནང་ བཙུགས་ཐབས་ལུ་ འཐུས་དུམ་གྲ་རེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
དཀའ་ངལ་འདི་ཚུ་བསལ་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ ཨ་ལུ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་ཐབས་ཀྱི་ ཐུགས་བསམ་བཞེས་དགོཔ་འདུག་ཟེར་ ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment