གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་ནང་བཅའ་མར་གཏོགས་མི་ཚུ་གིས་ མི་སེར་ཚུ་གི་བར་ནའི་ མཐུན་འབྲེལ་ལུ་ གཙོ་རིམ་བཟུང་དགོཔ།

༡༨/༣/༢༠༡༣   ༉ ད་རེས་ནངས་པ་ རྫོང་ཁག་ལ་ལུ་ཅིག་ནང་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མི་ངོ་གདམ་འཐུ་འབད་ནི་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ རྫོང་ཁག་ལ་ལུ་ཅིག་གི་དོན་ལུ་ མི་ངོ་ཚུ་གིས་ དང་འདོད་གསལ་སྟོན་འབད་བའི་བསྒང་ཡོདཔ་ཨིན་པས།
འཇིགས་མེད་རིག་འཛིན།


དེ་ཡང་ པདྨ་དགའ་ཚལ་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ དུས་ཅིའི་བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནིའི་དོན་ལུ་ ད་རིས་ དགོངས་ཞུ་ཡི་གུ་བཙུགས་ནི་ཨིན་པས།
ཁོ་གིས་ དགོངས་ཞུའི་ཡིག་ཆ་ཚུ་ ཚང་འགྲིགས་སྦེ་འཐོབ་པའི་ཤུལ་ལུ་ ཤུ་མར་རྒེད་འོག་ནང་ མི་སེར་ཚུ་ལས་ མི་ངོའི་གདམ་འཐུ་གི་གནང་བ་ ལེན་པར་འགྱོ་ནི་ཨིན་ཟེར་ཨིན་པས།
འདས་པའི་ལོ་༥ འི་རིང་ ཁོ་གིས་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ རྫོང་ཁག་ནང་ གོང་འཕེལ་གྱི་ལཱ་ ག་ཅི་ར་འབད་ཡོདཔ་ཨིན་ན་ གསལ་སྟོན་འབད་ཐབས་མེདཔ་ད་ དེ་ཡང་ ཚོགས་སྡེའི་ཕྱག་འགན་དེ་ ཁྲིམས་བཟོ་ནི་དང་ ཁྲིམས་ལུགས་ཚུ་ བསྐྱར་བཟོ་འབད་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
གལ་སྲིད་ཁོ་གིས་ རྒྱལ་ཡོངས་ཀྱི་དགོས་མཁོ་དེ་ར་ འགྲུབ་ཚུགས་པ་ཅིན་ ཁོ་རའི་རྫོང་ཁག་དེ་ཡང་ དེ་ནང་ཚུད་འོང་ཟེར་ཨིན་པས།
རྫོང་ཁག་གི་དོན་ལུ་ ཁག་ཆེ་བའི་ཕྱག་ལཱ་ཚུ་ མཛད་དགོཔ་འཐོན་པའི་སྐབས་ལུ་ ཁོ་རའི་རྫོང་ཁག་ནང་ལས་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་ལེགས་ཤོམ་སྦེ་ འཐབ་ཅི་ཟེར་ཨིན་པས།
གཞུང་སྐྱོང་ལེགས་ལྡན་དང་ ཚོང་འབྲེལ་ དེ་ལས་ མི་དམངས་རྩིས་ཞིབ་ཚོགས་ཆུང་ཚུ་གི་འཐུས་མི་སྦེ་ ཕྱག་ཞུ་ཡོད་མི་ འཇིགས་མེད་རིག་འཛིན་གྱིས་འབད་བ་ཅིན་ དམིགས་བསལ་དུ་ ཁོ་གིས་ དམངས་རྩིས་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ ཕྱག་ཞུ་ཡོད་མི་དང་འཁྲིལ་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ མི་མང་རྩིས་ཞིབ་ཚོགས་སྡེའི་ཚོགས་ཆུང་གི་ ཡོངས་ཁྱབ་དྲུང་ཆེན་འབད་ཡང་ ཕྱག་ཞུ་བའི་བསྒང་ཡོད་ཟེར་ཨིན་པས།
དེ་གིས་མ་ཚད་ འདས་པའི་གནས་ཡུན་སྐབས་ ཁོ་གིས་ དངུལ་འབྲེལ་ཞབས་ཏོག་བཅའ་ཁྲིམས་༢༠༡༠ ཅན་མ་དང་ མི་དམངས་རྩིས་ཞིབ་བཅའ་ཁྲིམས་༢༠༠༧ ཅན་མ་བསྐྱར་བཟོ་འབད་ནི་ ཤེས་རིག་ཁྲོམ་ཚོགས་བཅའ་ཁྲིམས་༢༠༡༢ ཅན་མ་ཚུ་གི་ཐོག་ལུ་ གསུང་གྲོས་ཚུ་གནང་པའི་སྐབས་ འབྲེལ་གཏོགས་ལེགས་ཤོམ་སྦེ་ར་ འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ ཕྱིའི་མ་དངུལ་གཞི་བཙུགས་དང་ ཚོང་འབྲེལ་གོང་འཕེལ་སྲིད་བྱུས་ དེ་ལས་ རུ་པིའི་དཀའ་ངལ་གྱི་ གནད་དོན་ཚུ་ནང་ཡང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
འཇིགས་མེད་རིག་འཛིན་གྱིས་ བཤད་མིའི་ནང་ ཁོ་གིས་ལོག་སྟེ་ར་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་དེ་ཡང་ གལ་སྲིད་ རང་གི་ཐོབ་ལམ་ཚུ་ལུ་ལྟ་སྟེ་ དགོངས་ཞུ་འབད་སྡོད་པ་ཅིན་ སྤྱི་ལོ་༢༠༠༧ ལུ་ ཁོ་ལུ་ བློ་གཏད་བསྐྱེད་དེ་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་བསད་ནི་ཨིན་པའི་ཁར་ རང་གིས་རང་ལུ་ མགུ་སྐོར་བཟུམ་ཅིག་ཡང་ འོང་ནི་ཨིན་མ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འདས་པའི་གནས་ཡུན་སྐབས་ ཁོ་ར་ འཐུས་མི་གསརཔ་ཅིག་འབད་ནི་དེ་གིས་ ལམ་ལུགས་ཚུ་གི་སྐོར་ལས་ ལྷབ་སྦྱང་འབད་དགོཔ་ ལེ་ཤ་ཅིག་ར་ ཐོན་ཡོད་མི་དང་འཁྲིལ་ ཉམས་མྱོང་ཚུ་ ལེགས་ཤོམ་སྦེ་ར་ཐོབ་ཡོདཔ་ལས་ ལོག་སྟེ་ར་ བཙག་འཐུ་འགྲུབ་པ་ཅིན་ ཧེ་མ་བ་ལྷགཔ་སྦེ་ ཕྱག་ཞུ་ཚུགས་པའི་ བློ་སྟོབས་ཡོད་ཟེར་ སླབ་ཨིན་པས།
འཇིགས་མེད་རིག་འཛིན་གྱིས་ ད་ལྟོ་ཚུན་ ཚོགས་སྡེའི་དོན་ལུ་ བཅའ་མར་གཏོགས་མི་ ལ་ལུ་ཅིག་ དགོངས་ཞུ་འབད་ཡོདཔ་ད་ གཞན་ཚུ་གིས་ཡང་ དགོངས་ཞུ་འབད་ནི་ཨིནམ་བཞིན་དུ་ དང་འདོད་བསྐྱེད་མི་ ག་ར་འབད་རུང་ མི་སེར་ཚུ་གི་བར་ན་ མ་འགྲིགཔ་བཟོ་ནི་ཚུ་ལས་ འཛེམ་དགོཔ་དེ་ ག་ནི་བ་ ཁག་ཆེ་ཟེར་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment