གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་འཛོམས་འདུ་ཚུ་ནང་ མང་ཤོས་ར་ རྒས་ཤོསམ་ཚུ་ འོང་དོ་ཡོདཔ།

༡༦/༣/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བཏོན་ནིའི་དོན་ལུ་ འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་མི་ མང་སུ་ཅིག་ ཨམ་སྲུ་དང་ རྒས་ཤོསམ་ དེ་ལས་ སྒོམ་ཆེན་ཚུ་ འོང་དོ་ཡོདཔ་ཨིན་པས།
མོང་སྒར་རྒེད་འོག་གི་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལགཔ་སེང་ཐོག་ལས་ འདེམས་ངོ་མེད་པའི་ བརྡ་སྟོན་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ མོང་སྒར་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་མི་ དང་འདོད་ཅན་གྱི་ མི་ངོམ་བཏོན་ནིའི་དོན་ལུ་ འཛོམས་འདུ་ནང་འོང་མི་ཚུ་ མང་ཤོས་ར་ སྒལ་ཏོ་གུ་ཨ་ལུ་འབག་མི་ཨའི་དང་ སྒོམ་ཆེན་ཚུ་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་འགོ་བཙུགས་ནི་དེ་གིས་ ཕོ་སྐྱེས་ཚུ་ ལྷོད་མི་ཚུགས་པས་ཟེར་ཨིན་པས།
མོང་སྒར་རྒེད་འོག་ནང་ ཁྱིམ་གུང་༦༡༩ དང་ སྤྱི་འོག་༥ ལས་ ཚོགས་རྒྱན་བཙུགས་ཆོག་མི་༤,༤༥༠ དེ་ཅིག་ཡོད་རུང་ ཁ་ཙ་ འདེམས་ངོ་༡ ཡང་ བཏོན་མ་ཚུགས་མི་ལུ་བརྟེན་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལགཔ་སེང་ཐོག་ལས་ ཁོང་གི་ རྒེད་འོག་ནང་ལས་ འདེམས་ངོ་མེད་ཟེར་ བརྡ་སྟོན་འབདཝ་ཨིན་པས།
དཀོན་བར་ལས་ སྐྱེས་ལོ་༣༧ ལང་མི་ ཉི་མ་བཟང་མོ་གིས་ སླབ་མིའི་ནང་ བཙག་འཐུ་དེ་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ ཕོ་སྐྱེས་ཚུ་ སོ་ནམ་ལཱ་གིས་ སྟབས་མ་བདེཝ་ཐོནམ་མས་ཟེར་ཨིནམ་ད་ སོ་ནམ་ཞིང་ལཱ་དེ་ བཙག་འཐུ་ཡོད་ཟེར་ བཀོ་བཞག་ཐབས་མེད་མི་དེ་ཡང་ བཟའ་ཚང་འཚོ་སྐྱོང་འཐབ་ནིའི་དོན་ལུ་ སོ་ནམ་ཞིང་ལཱ་ལུ་བརྟེན་སྡོདཔ་མ་གཏོགས་ གཞན་མེདཔ་ལས་ བཀོ་བཞག་མ་ཚུགས་རུང་ ཨམ་སྲུ་ཚུ་གིས་ འཛོམས་འདུ་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
མོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ བཙག་འཐུ་དེ་ སོ་ནམ་ལཱ་དང་ ཁ་ཐུག་རྐྱབ་ཡོདཔ་ལས་བརྟེན་ ཁྱིམ་ཅིག་ནང་ལས་ ཚོགས་རྒྱན་བཙུགས་ཆོག་མི་༦ དེ་ཅིག་ཡོད་པ་ཅིན་༢ དེ་ཅིག་གིས་མ་གཏོགས་ ཚོགས་རྒྱན་བཙུགས་མི་ཚུགས་ནི་ཨིནམ་ད་ དེ་ཡང་ ཞིང་ནང་སོན་བཏབ་པའི་ཉིནམ་ལས་ རི་དྭགས་སེམས་ཅན་ཚུ་ བསྲུང་དགོ་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕོ་སྐྱེས་ཚུ་ སོ་ནམ་ཞིང་ལཱ་ལུ་བརྟེན་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༢༤ ལང་མི་ ཨྱོན་སྒྲོལ་མ་ཨིནམ་ད་ མོ་གིས་ མོ་རའི་ཨ་ལུ་ བདུན་ཕྲག་༢ དེ་ཅིག་ལས་མ་ལང་རུང་ བྱ་ཐབས་མེད་པར་ ཁ་ཙ་ ཁྱིམ་ནང་ཞིང་རྨོ་དོ་ཡོདཔ་ལས་ ཨ་པ་གི་ཚབ་སྦེ་ འཛོམས་འདུ་ནང་ འོང་ཡི་ཟེར་ཨིན་པས།
གལ་སྲིད་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ ཉིནམ་༡ ལུ་ ཆད་དངུལ་ཀྲམ་༡༥༠ སྤྲོད་དགོཔ་ཨིནམ་ད་ ཨིན་རུང་ བཙག་འཐུའི་འཛོམས་འདུ་དེ་ ཁག་ཆེ་མི་ལུ་བརྟེན་ འོང་ཡི་ཟེར་ཨིན་པས།
སོ་ནམ་ཞིང་ལཱ་ལུ་བརྟེན་ བྱ་ཐབས་མེད་པར་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༧༧ ལང་མི་ གཡག་སྤུ་སྒང་གཡུས་ཚན་གྱི་ཚོགས་སློབ་ མི་འགྱུར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་རའི་ཁྱིམ་ནང་ལས་ བཅའ་མར་གཏོགས་མི་མེདཔ་ལས་ ཁོ་གིས་ བཅའ་མར་གཏོགས་པར་ འོང་ཡི་ཟེར་ཨིན་པས།
དེ་མ་ཚད་ འཛོམས་འདུ་ནང་ མ་འོང་པའི་ཧེ་མར་ རྒཔོ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ འཛོམས་འདུ་དེ་ ཚོགས་རྒྱན་གྱི་ཉིནམ་མེནམ་ལས་ བཅའ་མར་གཏོགས་མ་ཚུགས་རུང་ གནོད་འགལ་ཅིག་མེདཔ་ད་ ཚོགས་རྒྱན་གྱི་སྐབས་ལུ་ བཅའ་མར་མ་གཏོགས་པ་ཅིན་ མ་བཏུབ་སྦེ་ ཚོརཝ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ འཛོམས་འདུ་ནང་བཅའ་མར་གཏོགས་མི་ སྒོམ་ཆེན་ཅིག་གིས་ སླབ་མིའི་ནང་ ཁོ་ར་ གཡུས་སྒོའི་སྒོམ་ཆེན་ཅིག་ཨིན་རུང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཁོ་གི་མིང་དེ་ གྲྭ་ཚང་ག་ཏེ་ཡང་ ཐོ་བཀོད་འབད་དེ་མེདཔ་ལས་ དུས་ཅི་ལས་ ཚོགས་རྒྱན་འདྲ་པར་བཟོ་དགོ་ཟེར་ སླབ་མི་ལུ་བརྟེན་ འཛོམས་འདུ་ནང་ བཅའ་མར་གཏོགས་པར་ འོང་ཡི་ཟེར་ཨིན་པས།
མོང་སྒར་རྒཔོ་ བདེ་ཆེན་ཡེ་ཤེས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་རེས་ནངས་པ་ གཡུས་སྒོ་ཚུ་ནང་ སོ་ནམ་གྱི་ལཱ་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ ཕོ་སྐྱེས་ཚུ་གིས་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་ཚུགས་རུང་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་ཏེ་ ཁྱིམ་གུང་རེ་ལས་ བཅའ་མར་གཏོགས་མི་རེ་ཐོན་དོ་ཡོདཔ་ད་ དེ་ཡང་ དམངས་གཙོའི་རིང་ལུགས་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ ཧ་གོ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ད་རེས་ནངས་པ་ མོང་སྒར་རྫོང་ཁག་གི་ རྒེད་འོག་༡༧ ཆ་མཉམ་ནང་ སོ་ནམ་གྱི་ ལཱ་འགོ་བཙུགས་ཡོདཔ་ལས་ གཡུས་སྒོ་ཚུ་ནང་ སོ་ནམ་གྱི་ལཱ་འབད་ནི་དེ་ཡང་ སྤྱི་ཟླ་༣ པ་ལས་ འགོ་བཙུགས་དོ་ཡོདཔ་ད་ གེ་ཛ་བཏབ་ནི་དང་ ཞིང་ནང་ལུད་སྐྱེལ་ནི་ དེ་ལས་ ཨེ་མ་དང་ ཀེ་བ་བཙུགས་ནིའི་ ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན་པས།
མོང་སྒར་ལུ་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་བཏོན་ནིའི་དོན་ལས་ རྒེད་འོག་རེ་རེ་བཞིན་དུའི་ནང་ སྤྱི་ཟླ་༣ པའི་ཚེས་༡༣ ལས་ འཛོམས་འདུ་འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ དགྲ་མེད་རྩེ་དང་ བ་ལམ་ ན་རང་ ཐང་རོང་ ཤེལ་རི་མུ་ཧུང་ མོང་སྒར་ དེ་ལས་ འབྲས་སྤུངས་རྒེད་འོག་ཚུ་ནང་ འཛོམས་འདུ་མཇུག་བསྡུ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment