གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་གིས་ སྤྲོ་བ་མ་བསྐྱེད་རུང་ རྟ་ལོག་ཚེས་བཅུའི་སྲོལ་མ་ཉམས་པར་ཡོདཔ།

༩/༣/༢༠༡༣   ༉ སྤྱི་ལོ་༡༧༠༨ ལུ་ ཞབས་དྲུང་སྐུ་ཕྲེང་༣ པ་ འཇིགས་མེད་གྲགས་པ་མཆོག་གིས་ སྤུ་ན་ཁ་ རྟ་ལོག་དགོན་པ་ འགོ་ཐོག་ གདན་ས་བཅགས་གནང་པའི་སྐབས་ ཆོས་དང་སྲིད་ཀྱི་སྲོལ་ མང་རབས་ཅིག་ གཞི་བཙུགས་གནང་མིའི་གྲས་ལས་ ལོ་བསྟར་གྱི་ རྟ་ལོག་དགོན་པའི་ ཚེས་བཅུ་སྐབས་ལུ་ མི་མང་ལུ་མཇལ་ཁ་གནང་ནིའི་དོན་ལུ་ འཆམ་དང་ཞབས་ཁྲ་ཚུ་ སྒང་ས་སྤང་ནང་སྦྱང་བ་འབད་ནི་ཡོད་མི་དེ་ ད་ལྟོ་བར་ན་ཡང་ སྲོལ་མ་ཉམས་པར་ཡོདཔ་ཨིན་པས།
སྒང་ས་སྤང་ནང་ ན་གཞོན་ཚུ་གིས་ འཆམ་གྱི་ སྦྱང་བ་འབད་བའི་བསྒང་།


དེ་ཡང་ ཚེས་བཅུ་འགོ་མ་བཙུགས་བའི་ བདུན་ཕྲག་༢ དེ་ཅིག་གི་ ཧེ་མ་ལས་ གར་འཆམ་དང་ ཞབས་ཁྲ་རྐྱབ་མི་ཚུ་གིས་ དགོན་པའི་འོག་ལུ་ མི་ཊར་༥༠ དེ་ཅིག་གི་ས་ཁར་ སྒང་ས་སྤང་ཟེར་ས་ལུ་ སྦྱང་བ་འབད་ནི་ འགོ་བཙུགས་མི་དེ་གིས་ ཚེས་བཅུ་འགོ་མ་བཙུགས་ཚུན་ སྦྱོར་བ་འབད་དོ་ཡོདཔ་ཨིན་པས།
ལོ་བསྟར་ རྟ་ལོག་ཚེས་བཅུ་དེ་ རང་ཟླ་༢ པའི་ཚེས་༧ ལས་༡༠ ཚུན་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གར་འཆམ་དང་ཞབས་ཁྲ་ སྦྱོར་བ་འབད་ནི་དེ་ རང་ཟླ་༡ པའི་ཚེས་༢༥ ལས་འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ ཚེས་བཅུ་གི་དོན་ལུ་ ཁ་ཙ་ སྦྱང་བ་འབད་མི་ཚུ་གིས་ སྒང་ས་སྤང་ནང་འཛོམས་ཐོག་ལས་ སྦྱང་བ་འབདཝ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ དགོན་པའི་སྟེང་ཐོག་ལུ་ཡོད་པའི་ ཞབས་དྲུང་འཇིགས་མེད་གྲགས་པ་དང་ ཞབས་དྲུང་སྐུ་ཕྲེང་༤ པ་ འཇིགས་མེད་ཆོས་རྒྱལ་རྣམ་གཉིས་ཀྱི་ དམར་གདུང་གི་སྐུ་མདུན་ལས་ ཕྱག་དབང་ཞུ་ཞིནམ་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་བཅས་པའི་སྒོ་ལས་ གང་ས་སྤང་ལུ་ འགྱོ་དོ་ཡོདཔ་ཨིན་པས། 
སྐྱེས་ལོ་༥༧ ལང་མི་ འཆམ་རྐྱབ་མི་ ལྷུན་གྲུབ་ཀྱིས་སླབ་མིའི་ནང་ དེ་བཟུམ་གྱི་སྲོལ་དེ་ ལོ་ངོ་༣༠༠ ལྷགཔ་ཅིག་སོང་ནུག་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ གང་ས་སྤང་ལུ་ འཆམ་ལྷབ་པའི་སྐབས་ ཞབས་དྲུང་རིན་པོ་ཆེ་གིས་ དགོན་པའི་སྒོ་སྒྲིག་ནང་ལས་ གཟིགས་བཞུགས་པའི་སྐོར་ལས་ སླབ་ནི་ཡོད་ཟེར་ཨིནམ་ད་ གང་ས་སྤང་དེ་ ཞབས་དྲུང་གི་གཟིམ་ཁང་ལས་ ལེགས་ཤོམ་སྦེ་མཐོང་ཚུགས་དོ་ཡོདཔ་ཨིན་པས།
ཞབས་ཁྲ་རྐྱབ་མི་ སྐྱེས་ལོ་༤༩ ལང་མི་ ཀུན་བཟང་དབང་མོ་གིས་འབད་རུང་ མོ་གིས་ ཚེས་བཅུའི་སྐབས་ ཞབས་ཁྲ་རྐྱབ་སྟེ་ ད་རེས་འབདཝ་ད་ ལོ་༣༤ སོང་བའི་ཁར་ ལོ་ཨ་རྟག་ར་ གང་ས་སྤང་ནང་ ཞབས་ཁྲ་སྦྱང་བ་འབད་ནི་ཡོད་ཟེར་ཨིན་པས།
རང་ཟླ་༢ པའི་ཚེས་༧ ལས་ ཚེས་བཅུ་འགོ་བཙུགས་ཀྱི་ཉིན་མར་ གར་འཆམ་དང་ ཞབས་ཁྲ་རྐྱབ་མི་ཚུ་གིས་ གང་ས་སྤང་གི་འོག་ལུ་ཡོད་པའི་ རྣམ་རྒྱལ་བཟའ་ཆུ་ལས་ ཁྲུས་གསོལ་ཟེར་ གཟུགས་དང་གདོང་ཚུ་འཁྱུ་སྟེ་ ལྷ་ཁང་ནང་འོང་མི་དེ་གིས་ ཚེས་བཅུ་མཇུག་མ་བསྡུ་ཚུན་ ཕོ་མོ་ལུས་འབྲེལ་འབད་ནི་མི་འོང་ཟེར་ཨིནམ་ད་ དགོན་པ་དེ་ བྱིན་རླབས་ཅན་ཅིག་ཨིན་པའི་ཁར་ ཚེས་བཅུའི་སྐབས་ འཆམ་དང་ཞབས་ཁྲ་རྐྱབ་མི་ཚུ་གིས་ དགོན་པ་ནང་ ཉལ་དགོཔ་ཨིན་པས།
དེ་བཟུམ་གྱི་སྲོལ་དེ་ལུ་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ སྤྲོ་བ་མི་ལེན་མས་ཟེར་ རྟ་ལོག་རྒཔོ་ ཀུན་ལེགས་ཀྱིས་སླབ་ཡོདཔ་ད་ ད་ལྟོ་ འཆམ་དང་ཞབས་ཁྲ་རྐྱབ་མི་ཚུ་ ལོ་ན་རྒས་མི་ཚུ་ཨིནམ་བཞིན་དུ་ ཁོང་གི་གྲས་ཁར་ ན་གཞོན་རེ་གཉིས་ལས་བརྒལ་ མཐོང་ནི་མེད་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་ སྤྲོ་བ་མ་བསྐྱེད་མི་དེ་ ད་རེས་ནངས་པ་ ཚེས་བཅུ་དེ་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པར་ རྒྱལ་ཁབ་གོང་འཕེལ་གྱི་གྱུར་བ་དང་བསྟུན་ དར་ཁྱབ་སོང་ཡོད་ནི་དེ་གིས་ ཨིན་མས་ ཟེར་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment