![]() |
སངས་རྒྱས་མཁའ་འགྲོ། |
ཨིན་རུང་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ དགོངས་ཞུ་འབད་ཆོགཔ་སྦེ་ཡོདཔ་ལས་ ཁོ་གིས་ ལོག་སྟེ་ར་ མགར་ས་རྫོང་ཁག་ནང་ལས་ ཚོགས་སྡེའི་འཐུས་མིའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ མགར་ས་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་བསྐྱེད་མི་ ག་ཡང་མ་ཐོནམ་ལས་ གཡུས་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ ཁོ་ར་ལུ་ཡང་ ལོག་སྟེ་བཅའ་མར་ མི་གཏོགས་ག་ཟེར་བའི་ དྲི་བ་ཚུ་བཀོདཔ་མས་ཟེར་ཨིན་པས།
ཁོ་གིས་ འདས་པའི་ལོ་༥ འི་རིང་ ཚོགས་སྡེའི་ནང་ ཕྱག་ཞུ་བའི་སྐབས་ སྤྱི་ཚོགས་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཕྱག་འགན་དེ་ཡང་ ཁག་ཆེ་ཤོས་ཅིག་སྦེ་ མཐོང་ཡི་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུའི་ནང་ ཕྱག་ཞུ་སྟེ་ ཉམས་མྱོང་ཐོབ་པའི་ཤུལ་ལུ་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་ཏེ་ ཚོགས་སྡེ་དེ་ སྦྱོང་བརྡར་འབད་སའི་ ས་ཁོངས་བཟུམ་ཅིག་སྦེ་ མནོ་བསམ་གཏང་ནི་ མི་འོང་ཟེར་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུ་དེ་ ཧེ་མ་ལས་ གཞི་བཙུགས་འབད་འབདཝ་ འབད་ནི་དེ་གིས་ བློན་པོ་ཚུ་གིས་གཙོས་པའི་ ཉམས་མྱོང་ཅན་གྱི་ འཐུས་མི་ལེ་ཤ་ཅིག་ར་ཡོདཔ་ལས་ ཚོགས་སྡེའི་ནང་ཡང་ མ་འོངས་པར་ ཉམས་མྱོང་ཅན་གྱི་ འཐུས་མི་ཚུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཚོགས་སྡེ་དེ་ སྤྱི་ཚོགས་ཀྱི་ཡན་ལག་ གསརཔ་ཅིག་འབད་ནི་དེ་གིས་ ད་ལྟོ་ཚུན་ལུ་ ད་ལྟོའི་འཐུས་མི་ཚུ་གིས་ ཕྱག་ལཱ་མཛད་ཐངས་ཀྱི་ ལམ་ལུགས་ལེ་ཤ་ཅིག་ར་ བཟོ་ཡོདཔ་བཞིན་དུ་ གལ་སྲིད་ འཐུས་མི་ཚུ་ གསརཔ་ཙང་ཙ་ར་ ཐོན་སོ་པ་ཅིན་ ལམ་ལུགས་ཚུ་ ལྷབ་སྦྱང་འབད་ནི་ལུ་ དུས་ཡུན་འགོར་འོང་ཟེར་ སངས་རྒྱས་མཁའ་འགྲོ་གིས་སླབ་ཅི།
ཁོ་གིས་ ཚོགས་སྡེའི་འཐུས་མི་འབད་ ཕྱག་ཞུ་བའི་སྐབས་ སྤྱི་ལོ་༡༨༨༩ དེ་ཅིག་ལས་ དགོན་དམ་སྦྱིས་ཚུན་ལུ་ འགྲུལ་འཁོར་ལམ་བསལ་བའི་སྐབས སྒེར་ས་གཞུང་ལུ་ཤོར་ཏེ་ ས་ཚབ་མ་ཐོབ་པར་ལུས་མི་ཚུ་ལུ་ ས་ཚབ་ཚུ་ཡང་ཐོབ་སྦེ་ བཟོ་ཚར་ཡི་ཟེར་ཨིནམ་མ་ཚད་ ན་ཧིང་གི་ ཆར་ཆུའི་སྐབས་ལུ་ ཁ་སྨད་ཀྱི་ ཀི་ལོ་མི་ཊར་༣༠ འབད་མི་ ཞིང་ཆུའི་གཡུར་བ་ འཕྱགས་བརྡ་སོང་མི་དེ་ཡང་ ཉམས་བཅོས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ ལྕང་ལཱ་གི་སྐབས་ མཇུག་བསྡུ་ཚུགསཔ་ འབད་ནི་ཨིན་ཟེར་ཨིན་པས།
ཁོ་གི་བལྟ་བ་གཙོ་བོ་དེ་ རྒྱལ་ཁབ་ནང་ ངན་ལྷད་ཀྱི་ལཱ་ལུ་ གདོང་ལེན་ནི་དེ་ཨིནམ་ད་ གལ་སྲིད་ ངན་ལྷད་ཀྱི་ལཱ་ནང་ འབྲེལ་གཏོགས་འབད་ཡོད་མི་ཚུ་ལུ་ ཐད་ཀར་གྱི་ འགན་ཁྲི་བཀལ་ཐོག་ལས་ དེ་དང་བསྟུན་པའི་ ཉེས་ཁྲིམས་བཀལ་ནི་ལུ་ དམིགས་དོན་བསྐྱེདཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་རའི་འདས་པའི་གནས་ཡུན་གྱི་སྐབས་ རྒྱལ་ཁབ་ལུ་ ཕན་ཐོགས་པའི་ དམིགས་དོན་གྱི་ཐོག་ལས་ གཏེར་ཁའི་ལཱ་གི་ཞིབ་འཚོལ་དང་ བརྡ་དོན་བདག་དབང་ཚུ་དང་འབྲེལ་བའི་ ལཱ་ལེ་ཤ་ཅིག་ར་ འབད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment