གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལམ་རྒྱ་བསྐྱེད་འབད་ནི་ལུ་ མ་དངུལ་མེད་པར་ཐོགས་ལུས་ཡོདཔ།

༡༥/༣/༢༠༡༣   ༉ དགེ་ལེགས་ཕུག་ལས་ རྩི་རང་དང་ དར་དཀར་ནང་འགྱོ་སའི་ ལམ་རྒྱ་གྲམ་ལྕང་ཅེ་ཚུན་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༡༡༢ འབད་མི་ གཞུང་ལམ་རྒྱ་བསྐྱེད་དང་ རྩི་ནག་གཏང་ནིའི་ལཱ་ འབད་བཞིན་དུ་ཡོད་མི་དེ་ ད་ལྟོ་ཚུན་ དགེ་ལེགས་ཕུག་ལས་ འགྲམ་ཕུ་སློབ་གྲྭ་ཆེ་བ་ཚུན་ ཀི་ལོ་མི་ཊར་༩༢ དེ་ཅིག་ མཇུག་བསྡུ་བའི་ཤུལ་ལས་ མ་དངུལ་གྱིས་མ་ལང་པར་ ཐོགས་ལུས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ རྩི་རང་གི་གཞུང་ལམ་ རྒྱ་བསྐྱེད་འབད་མིའི་ནང་ རྩི་ནག་བཏང་པའི་བསྒང།


ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ལྷག་ལུས་ཀི་ལོ་མི་ཊར་༢༠ དེ་ཅིག་ ལུས་ཡོད་མི་དེ་ བསལ་ནིའི་དོན་ལུ་ གཞུང་ལས་ མ་དངུལ་གྱི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ལྷག་ལུས་ཀྱི་ལཱ་ཚུ་ཡང་ འགྲམ་ཕུ་སློབ་གྲྭ་ཆེ་བ་དང་ ལྕང་ཅེ་ཚུན་ ཀི་ལོ་མི་ཊར་༡༦ དང་ ལོ་རིང་གི་ས་ཁོངས་ནང་ ཀི་ལོ་མི་ཊར་༤ དེ་ཅིག་ དེ་ལས་ དཱ་ར་ཆུ་གི་ས་ཁོངས་ནང་ མི་ཊར་༥༠༠ དེ་ཅིག་ ལུས་ཡོདཔ་ཨིན་པས།
རྒྱ་བསྐྱེད་ཀྱི་ལཱ་ཚུ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ལྗིད་ཚད་སྦོམ་ཡོད་མི་ འཕྲུལ་ཆས་ཚུ་ འཁོར་ལོ་༡༨ འབད་མི་སྣུམ་འཁོར་ཚུ་ནང་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༡ ལུ་ རྒྱ་གཞུང་གིས་ དངུལ་ཀྲམ་ས་ཡ་༣༥༨ ཁས་བླངས་འབད་མི་དང་འཁྲིལ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ སྔོན་བྱིན་སྤྲོད་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་དངུལ་དེ་ སྤྱི་ལོ་༢༠༠༩ ལུ་ རྒྱ་གར་ དཱན་ཊག་ལས་འགུལ་དང་ སྤུ་ན་གཙང་ཆུ་ལས་འགུལ་ དེ་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་འཛོམས་ཏེ་བཟོ་མི་ རྒྱ་བསྐྱེད་དང་ ལེགས་བཅོས་དང་འབྲེལ་བའི་ ལས་འགུལ་གྱི་ སྙན་ཞུ་དང་འཁྲིལ་ མ་དངུལ་དེ་ སྔོན་རྩིས་བཏོན་ཡོད་རུང་ བསྟར་སྤྱོད་འབད་བའི་སྐབས་ ལང་མ་ཚུགས་ཟེར་གསར་སྤང་གི་ ལམ་སེལ་སྡེ་ཚན་གྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་ཚུ་ཡང་ ལས་འགུལ་སྙན་ཞུ་དང་འཁྲིལ་ རྒྱ་ཚད་མི་ཊར་ཕྱེད་དང་༤ དེ་ཅིག་ཡོད་མི་དེ་ མི་ཊར་༦ ལུ་རྒྱ་བསྐྱེད་འབད་ཡོདཔ་མ་ཚད་ སྒོར་ལྟབ་ཚུ་ནང་ ཧེ་མ་ མི་ཊར་༡༠ དེ་ཅིག་ཡོད་མི་དེ་༡༢ དེ་ཅིག་ལུ་ རྒྱ་སྐྱེད་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལམ་གྱི་ཐོག་ཁར་ཡང་ མི་ལི་མི་ཊར་༧༥ འབད་མི་ རྩི་ནག་ཚུ་བཏང་ཡོདཔ་ད་ འཕྲལ་ཁམས་གཅིག་ཁར་ རྩི་རང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་བདའ་སྟེ་ ལྗིད་ཚད་སྦོམ་འབག་ཐེག་མི་ ཟམ་ཚུ་རྐྱབ་ཚར་བའི་ཤུལ་ལས་ ལས་འགུལ་གྱི་དོན་ལུ་ འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་མི་ཐོན་ནི་ཨིན་པས།
ཨིན་རུང་ ཀི་ལོ་མི་ཊར་༣༠ དེ་ཅིག་འབད་མི་ དགེ་ལེགས་ཕུག་དང་ སམ་ཏ་བཱ་རི་གཞུང་ལམ་བདའ་སྟེ་ ཟམ་སྒྲིང་སྒྲིང་ཅིག་ མེད་ནི་དེ་གིས་ འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ གློག་མེ་ལས་འགུལ་གྱི་དོན་ལུ་ འཕྲུལ་ཆས་སྦོམ་ མི་ཊིག་ཊཱོན་༡༠༥ དེ་ཅིག་འབད་མི་ཚུ་ཡང་ཡོདཔ་ལས་ གཞུང་ལམ་དེ་ཁར་ཡོད་མི་ཟམ་ཚུ་ མེ་ཊིག་ཊཱོན་༡༠ དང་༡༥ འི་བར་ན་འབད་མི་མ་གཏོགས་མེདཔ་ལས་ ལམ་ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༣ དེ་ཅིག་གི་ཧེ་མར་ དགེ་ལེགས་ཕུག་ལུ་སྦེ་ དཱན་ཊག་ལས་འགུལ་དང་ གློག་མེ་ལས་འགུལ་ དེ་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ད་ལྟོ་ གཞུང་ལམ་རྒྱ་སྐྱེད་འབད་སར་ ལྟ་རྟོག་འབད་མི་ དཱན་ཊག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ཅིག་གིས་ གཞུང་ལམ་ཁར་ ཟམ་རྐྱབ་ནིའི་འཆར་གཞི་མེད་པའི་སྐོར་ལས་ སླབ་ནི་དེ་གིས་ གཞུང་ལམ་བདའ་སྟེ་ འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་དགོ་པ་ཅིན་ ཧེ་མར་ ཟམ་སྒྲིང་སྒྲིང་རྐྱབ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment