གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༥/༣/༢༠༡༣   ཁྲིམས་ཡོད་རུང་མེད་རུང་ ཁྱད་པར་མེད་པའི་མཐོང་སྣང་།
༉ ད་ལྟོ་ གོ་གནས་གུ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ཅིག་ར་ ཚོགས་སྡེའི་བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་གི་ རེ་བ་ཡོདཔ་ཨིན་རུང་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་མ་དགོ་པར་ འཕྲོ་མཐུད་སྦེ་ དོ་འགྲན་འབད་ནི་དང་འབྲེལ་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ འཐོབ་ནི་གི་ བཀའ་རྒྱ་ལུ་ སྒུག་བཞིན་དུ་ཡོདཔ་ཨིན་མས།


ཚོགས་སྡེའི་འཐུས་མི་ཚུ་ ཐག་བཏོག་མ་ཚུགས་པར་ ལུས་ཡོད་མི་དེ་ཡང་ གལ་སྲིད་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་གསོལ་རས་ཚུ་ མི་འཐོབ་ནི་དང་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་རུང་ བཙག་འཐུ་གྲུབ་མི་གྲུབ་ཀྱི་ ཚ་གྱང་ཡོད་མི་ལུ་བརྟེན་ འོང་ནི་མས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་ལོ་༥ ཚངམ་ཅིག་ དེ་གི་ནངས་པ་ བསྐྱར་འཛུགས་འབད་དགོཔ་སྦེ་ གསལ་བཀོད་འབད་མི་ལུ་ ལྟ་བ་ཅིན་ འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ གོ་གནས་ཐོག་ལུ་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ཆོག་མ་ཆོག་ ཁ་གསལ་མེདཔ་ཨིན་རུང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ དགོངས་ཞུ་འབད་དགོཔ་ད་ སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དང་འཁྲིལ་རུང་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་གསོལ་རས་ཚུ་ མ་ཐོབ་སྦེ་ གསལ་བཀོད་འབད་དེ་འདུག།
དེ་འབདཝ་ལས་ ཁྲིམས་ཀྱི་དོན་འགྲེལ་ཚུ་ནང་ དཀའ་ངལ་ཡོད་མི་ལུ་བརྟེན་ འཐུས་མི་ཚུ་གིས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཐའན་མཇུག་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྲིམས་གྱི་དོན་འགྲེལ་བཀའ་རྒྱ་གནང་འོང་ཟེར་ རེ་བ་བསྐྱེད་ནུག།
བདུན་མཐའི་སྐབས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་གི་ རེ་བ་ཡོད་པ་ཅིན་ འཐུས་མི་ཚུ་ དགོངས་ཞུ་འབད་དགོ་ཟེར་ སླབ་མི་ལུ་བརྟེན་ ལོག་བཅའ་མར་གཏོགས་འདོད་ཡོད་མི་ཚུ་ སྒྱིད་ཐག་སྐྱུར་སུ་ཅིག་ ཡར་སོ་ནུག།
ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བཙག་འཐུ་ལྷན་ཚོགས་ལུ་ ད་ལྟོ་ གནས་ཡུན་མ་ཚང་པར་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་གིས་ གོ་གནས་ཐོག་ལུ་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་པའི་ བཀའ་རྒྱ་གནང་མི་དང་བསྟུན་ ཚོང་སྡེའི་འཐུས་མི་ཚུ་ ནན་བསྐྱར་དུ་ བློ་སྟོབས་བྱུང་པའི་ གཞི་གནད་ཅིག་ལུ་གྱུར་ནུག།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ལུ་ ངོས་ལེན་འབད་ནི་གི་ འོས་འབབ་མེད་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་འདི་ རྩ་ཁྲིམས་ཆེན་མོ་གཞི་འཛིན་དང་ དེའི་དོན་འགྲེལ་མཐའ་བཅད་ཀྱི་ དབང་འཛིན་ཅིག་ཨིན་རུང་ ད་རིས་ ཚོགས་སྡེའི་འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོག་ནི་དང་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ཐོབ་སྦེ་ དོན་འགྲེལ་གནང་མི་དེ་ བཙག་འཐུའི་བཅའ་ཁྲིམས་དང་ སྤྱི་ཚོགས་འཐུས་མིའི་ ཐོབ་ཐངས་བཅའ་ཁྲིམས་ཚུ་ལས་ འགལ་ནི་དེ་གིས་ཨིན་མས།
དེ་མ་ཚད་ བཙག་འཐུ་ལྷན་ཚོགས་དེ་ རང་དབང་གཙུག་སྡེ་ཅིག་ཨིནམ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ གཙུག་སྡེའི་རང་དབང་ལུ་ ཧམ་འཛུལ་འབདཝ་བཟུམ་དང་ རང་དབང་ལུ་ བརྩི་མཐོང་མ་བསྐྱེདཔ་བཟུམ་ཅིག་ཨིན་མས།
གཙུག་སྡེ་གཅིག་གིས་གཅིག་ལུ་ བཀའ་རྒྱ་གནང་ནི་དང་ ཁྲིམས་ཡིག་ཚུ་ནང་ མ་ཆོགཔ་ཡོད་རུང་ དོན་འགྲེལ་ཐོག་ཆོགཔ་སྦེ་ བཟོ་བའི་བསྒང་ལས་ ཁྲིམས་ལུགས་ག་དེ་སྦེ་ར་ སྒྲིང་སྒྲིང་ཡོད་རུང་ ཉམ་ཆུང་ཚུ་གི་ཐད་ལུ་ ཁྲིམས་དང་འཁྲིལ་ བསྟར་སྤྱོད་འབད་ནི་ཅིག་དང་ ཆེ་རིམ་ཅན་ཚུ་ནང་ལྷོདཔ་ད་ ཁྲིམས་ཀྱི་དོན་འགྲེལ་འབད་ཐོག་ལས་ ཐོབ་ལམ་མེད་རུང་ཡོདཔ་སྦེ་ བཟོ་ནི་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
འདི་འབདཝ་ལས་ འབྲུག་ལུ་ ཁྲིམས་ཡོད་རུང་མེད་རུང་ ཁྱད་པར་ཅིག་ ག་ནི་ཡང་ མི་མཐོང་པས་ཟེར་ སླབ་མི་ཡང་འདུག། ད་རིས་ བཙག་འཐུ་ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ལུ་ ངོས་ལེན་འབད་ནི་གི་ ཐག་མ་བཅད་མི་དེ་ཡང་ རྒྱུ་མཚན་དེ་ལུ་བརྟེན་ འོང་ནི་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment