གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅིག་ཤུལ་གཉིས་ཤུལ་སྦེ་ དབང་བཙོང་ལུས་འབྲེལ་འབད་མི་༢ ཀྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།


༠༢/༠༣/༢༠༡༣   དེ་ཡང་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡༧ ལས་༤༥ ཚུན་ བཀལ་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ གཞི་འཛིན་འབད་ནུག།

༉ ན་ཧིང་སྤྱི་ཟླ་༦ པའི་ནང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཨམ་སྲུ་རྨགཔ་ཡོད་མི་དང་ མེད་མི་གཉིས་ཆ་ར་ གཅིག་ཤུལ་གཉིས་ཤུལ་སྦེ་ དབང་བཙོང་ལུས་འབྲེལ་འབད་མི་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༡༧ དང་ཟླཝ་༣ ལས་ ལོ་༤༥ དང་ཟླཝ་༣ བཀལ་མི་དེ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་ག་ནི་ཡང་མེད་པར་ རང་འཇགས་སྦེ་ འཁྲུན་ཆོད་གནང་ནུག།


སྤྱི་ཟླ་༢ པའི་ཚེས་༢༧ ལུ་བཏོན་མི་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པའི་ གྲོས་ཆོད་ནང་ ཐོག་མའི་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༢ ཟླཝ་༦ པའི་ཚེས་༡༥ ལུ་གནང་མི་ འཁྲུན་ཆོད་དེ་ ཞི་རྩོད་དང ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་དང་འཁྲིལ་ དྲང་ཁྲིམས་ཁོ་ནའི་ཐོག་ གནང་ཡོདཔ་ལས་ ཆ་གནས་ཧྲིལ་བུ་མཛད་དེ་ འཁྲུན་ཆོད་བསྟར་སྤྱོད་འབད་དགོ་ཟེར་ བཀོད་ནུག།
སྤྱི་ལོ་༢༠༡༡ ཟླཝ་༧ པའི་ནང་ ཉེས་ཅན་༢ ཀྱིས་ ཁ་བསྡོབས་ཏེ་ ཐིམ་ཕུ་ལུ་ ཉིན་གྲངས་༡༩ འི་ནང་འཁོད་ལུ་ ཨམ་སྲུ་༤ དབང་བཙོང་ལུས་འབྲེལ་འབད་ཡོདཔ་མ་ཚད་ ཨམ་སྲུ་གཞན་༢ ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ འབད་བཅམ་ཡོདཔ་ཨིན་པས།
རྩོད་ཟླ་༢ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ཡང་ ཁོང་གཉིས་ལུ་ བཙོན་ཁྲིམས་དེ་ ཉེས་ལས་འབད་མི་དང་འཁྲིལ་ སྔ་ཕྱི་རིམ་པ་སྦེ་མིན་པར་ སྟབས་གཅིག་ཁར་ བཀལ་དགོ་པའི་ གསལ་ཞུ་འབད་ནུག།
དེ་མ་ཚད་ ཁོང་གཉིས་ ཆང་འགྲངས་མི་ལུ་བརྟེན་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ཡོདཔ་ལས་ ཉེས་ཁྲིམས་ཡངས་སུ་སྦེ་ བཀལ་ཐབས་མཛད་དགོ་པའི་ ཞུ་བ་ཡང་འབད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་ཁྲི་དང་པ་ལས་ དབྱེ་བཤེར་མཐིལ་ཕྱིན་མཛད་དེ་གནང་མི་ བཀའ་རྒྱ་དང་འཁྲིལཝ་ད་ ཉེས་ཁྲིམས་སྟབས་གཅིག་ཁར་མིན་པར་ སྔ་ཕྱི་རིམ་པ་སྦེ་ བཀལ་མི་དེ་ ཉེས་ཅན་༢ ཀྱིས་ ལཱ་ངན་མང་རབས་ཅིག་ འབད་ཡོདཔ་ལས་ བྱ་སྤྱོད་དང་འཁྲིལ་བའི་ཁྲིམས་ཚད་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ ཁྲིམས་མཐུན་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
སྤ་རོ་ལས་ སྐྱེས་ལོ་༢༦ ལང་མི་ དམག་མི་བགྲེསཔ་ ཚེ་རིང་རྡོ་རྗེ་ལུ་ སྡེ་ཚན་དབང་བཙོང་ལུས་འབྲེལ་དང་ ཨམ་སྲུ་༢ ལུ་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་ནི་གི་ དཔའ་བཅམ་པའི་ཁར་ འཕྲོག་བཅོམ་དང་ ཉམས་རྒུད་པ་ཨམ་སྲུ་ཚུ་ལུ་ སྙིང་རྗེ་ལས་འདས་པའི་ ཚད་མེད་ཀྱི་ བརྡུང་རྫོབ་དང་ དམར་བསད་འབད་ནིའི་ དཔའ་བཅམ་འབད་ཡོདཔ་མ་ཚད་ སྨྱོ་རྫས་ལག་ལེན་འཐབ་པའི་་ཉེས་པ་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༤༥ དང་ ཟླཝ་༣ བཀལ་ཡོདཔ་ཨིན་པས།
ཚོ་རིང་རྡོ་རྗེ་གིས་ ཨམ་སྲུ་༢ ལུ་བརྡུང་རྫོབ་འབད་ཡོདཔ་མ་ཚད་ ཨམ་སྲུ་གཞན་༢ ལས་ འཕྲོག་བཅོམ་འབད་བའི་ཁར་ གཞན་༢ ལུ་ འཕྲོ་བཅོམ་དང་ དམར་བསད་འབད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།
ཁོ་ལུ་ ཉེས་པ་ཁག་༡༢ བཀལ་མི་ ག་རའི་ནང་ ཉེས་ལས་འཐབ་པའི་ ངོས་འཛིན་བྱུང་ནུག།
ཚེ་རིང་རྡོ་རྗེ་གིས་ གཉེན་སྦྱོར་འབད་དེ་ ལོ་༢ སོང་མི་ ཨམ་སྲུ་ལུ་ ཟླ་ངོ་༣ གྱི་ རྒྱལ་ཡོངས་ལས་མིའི་གླ་ཆ་ དངུལ་ཀྲམ་༩,༠༠༠ དང་ འཕྲོག་བཅོམ་འབད་བའི་ གྱོང་རྒུད་ཕོག་མིའི་འཐུས་ དངུལ་ཀྲམ་༣༦,༠༠༠ སྤྲོད་དགོཔ་མ་ཚད་ ཨམ་སྲུ་གཞན་མི་ཅིག་ལུ་ གྱོང་རྒུད་འཐུས་དངུལ་ཀྲམ་༥,༦༠༠ སྤྲོད་དགོཔ་ཨིན་རུང་ དབང་བཙོང་ལུས་འབྲེལ་དང་ འཕྲོག་བཅོམ་འབད་ནི་གི་ དཔའ་བཅམ་མི་ ཨམ་སྲུ་༣ ལུ་ རྒུད་འཐུས་མེདཔ་སྦེ་ ཐོག་མ་ཁྲིམས་འདུན་ལས་ འཁྲུན་ཆོད་བཏོན་ནུག།
དེ་ལས་ ཐིམ་ཕུ་ལྕང་ཇི་ཇི་ལས་ཨིན་མི་ སྐྱེས་ལོ་༢༣ ལང་མི་ མགོན་པོ་རྡོ་རྗེ་གིས་ ཚེ་རིང་རྡོ་རྗེ་དང་ ཁ་བསྡོམས་ཏེ་ གཉེན་སྦྱོར་འབད་མི་ ཨམ་སྲུ་༢ ལུ་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་མ་ཚད་ ཨམ་སྲུ་གཞན་༢ ལུ་ དབང་བཙོང་འདོད་སྤྱོད་དང་ འཕྲོག་བཅོམ་འབད་ནི་གི་ དཔའ་བཅམ་ཡོདཔ་བཞིན་དུ་ ཨམ་སྲུ་ཅིག་གི་ ཨོལ་ལྐོག་གུ་བཟུང་སྟེ་ ས་ཁར་བརྡབས་སྦེ་ ཁ་བསུབས་ཏེ་ གཟུགས་ཁར་གྱོན་ཡོད་པའི་ གྱོན་ཆས་ཚུ་ དབང་བཙོང་ཐོག་ཕུད་ཞིནམ་ལས་ དྲག་ཤུགས་ཐོག་ བརྡུང་རྫོབ་འབད་དེ་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་ལས་ ཁོ་ལུ་ བཙོན་ཁྲིམས་ལོ་༡༧ དང་ཟླཝ་༣ བཀལ་ཡོད་པའི་གནས་ཚུལ།

                                                                                     བཀྲིས་ཕུན་ཚོགས།

No comments:

Post a Comment