གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡/༣/༢༠༡༣   མི་སེར་གྱི་ ས་ཆ་ཚུ་ལུ་ བྱེམ་ཕོག་མིའི་ ཐུགས་བཞེད་གནང་དགོཔ།
༉ གནས་ཡུན་ཚང་རན་མི་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་གཉིས་ཆ་ར་གིས་ འབྲུག་རྒྱལ་ཁབ་དང་ མི་སེར་གྱི་ འཕྲལ་ཕུགས་གཉིས་ལུ་ ཐུགས་བཞེད་གནང་ཐོག་ལས་ འབྲུག་གི་ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་གུ་ གསུང་གྲོས་དང་ རྩོད་འགྲན་ཞིབ་པར་ གནང་མི་ལུ་ ང་བཅས་ལས་ ཡིད་ཆེས་ངལ་རངས་སྦོམ་ཡོད་ཟེར་ཞུ་ནི།


དཔྱད་ཡིག་དེ་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་མ་གནང་པའི་ཧེ་མར་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཡོངས་གཞུང་ལམ་གྱི་ ཐོབ་དབང་ས་ཁོངས་དེ་ ལམ་གྱི་སྦུག་ཐིག་ལས་ གཡས་གཡོན་ལུ་ ཕིཊ་༥༠ ལས་༣༠ ལུ་ མར་ཕབ་རྐྱབ་མི་དེ་ འོས་མཚམས་ལྡན་ཏོག་ཏོ་སྦེ་ མཐོངམ་མས་ཟེར་ཞུ་ནི།
ག་འཆརཔ་ཟེར་བ་ཅིན་ གཞུང་ལམ་གྱི་ གཡས་གཡོན་ལུ་ཡོད་མི་ སྒེར་ས་ཚུ་ལུ་ ཐོ་སྦོམ་སྦེ་ མི་ཕོག་ནི་ཨིན་པའི་ ཁེ་ཕན་ཡོད་པའི་ཁར་ ཁྱིམ་རྐྱབ་འདོད་ཡོད་མི་ཚུ་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་ནི་མས་ཟེར་ཞུ་ནི།
འདི་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལམ་གཡས་གཡོན་ལས་ ཕིཊ་༣༠ ལུ་ མར་ཕབ་རྐྱབ་ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་ནང་ རྒྱབ་སྣོན་ཆ་འཇོག་གི་དོན་ལུ་བཏངམ་ད་ ཚོགས་འདུའི་འཐུས་མི་ཚུ་གིས་ ཕིཊ་༥༠ སྦེ་ར་ རང་འཇགས་བཞག་མི་ལུ་ ང་བཅས་མི་སེར་ཚུ་ སེམས་ཕམ་བྱུང་ཡོདཔ་མ་ཚད་ འདི་བཟུམ་མའི་ མཛད་བྱ་ལུ་ལྟཝ་ད་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྤྱིར་བཏང་མི་སེར་ལུ་ སྐྱིད་སྡུག་ངེས་ཏིག་ཕོག་ཡོད་མི་དེ་ ཧ་མ་གོ་བའི་ སྐྱོན་ཅིག་ཨིན་པའི་ གསལ་སྟོན་འབདཝ་མས་ཟེར་ཞུ་ནི།
འབྲུག་འདི་ སྐོབས་ཚད་ཀྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ སོ་ནམ་ས་ཞིང་བཟའ་སྤྱོད་འབད་བཏུབ་བརྒྱ་ཆ་༦ དེ་ཅིག་ལས་བརྒལ་མེདཔ་ལས་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ འཁོར་ལམ་ལུ་ ས་ཆ་ཏོག་ལེབ་གང་ལྷན་ཐབས་འབད་རུང་ རིན་ཐང་སྦོམ་ཅིག་ཨིནམ་ལས་ བཙག་འཐུ་ལས་གྲུབ་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཐུགས་བཞེད་ལེགས་ཤོམ་གནང་དགོཔ་འདུག་ཟེར་ཞུ་ནི།
ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་དང་ ཚོང་ཆས་ཚུ་ སྐྱེལ་འདྲེན་འབད་མི་ཚུ་གི་ གནས་སྟངས་དང་འཁྲིལཝ་ད་ བཞི་སྦྲེལ་ལམ་བཟོ་དགོཔ་ ཁག་ཆེ་ནི་དེ་གིས་ གཞུང་ལམ་གྱི་ གཡས་གཡོན་ལུ་ ལམ་གྱི་ཐོབ་དབང་ཕིཊ་༣༠ བཞག་རུང་ མ་བཏུབ་ཅིག་ མི་མཐོང་པས་ཟེར་ཞུ་ནི།
འདི་འབདཝ་ད་ རྫོང་ཁག་གི་ གཞུང་ལམ་ཚུ་གི་ཐད་ལུ་ལྷོདཔ་ད་ ལམ་གཡས་གཡོན་ལས་ དམའ་ཤོས་ཕིཊ་༡༥ དང་ མཐོ་ཤོས་ཕིཊ་༢༠ བཞག་གནང་པ་ཅིན་ མི་སེར་ཚུ་གི་ ས་ཞིང་ཚུ་ལུ་ བྱེམ་སྦོམ་སྦེ་ མི་ཕོག་འོང་ཟེར་ཞུ་ནི། མ་གཞི་ མ་འོངས་པའི་དོན་ལུ་ གཞུང་ལམ་རྒྱ་བསྐྱེད་འབད་ནི་གི་ ས་གོ་ལངམ་སྦེ་བཞག་དགོཔ ངེས་བདེན་ཨིན་རུང་ ལམ་དེ་ཚུན་ཚོད་ རྒྱ་སྦོམ་སྦེ་སེལ་དགོཔ་ མི་ལོ་༡༠༠ ནང་ཡང་ མི་འཐོནམ་འོང་ཟེར་ཞུ་ནི།
དེ་ལས་ ཁ་ཙ་ སྤྱི་ཚོགས་ནང་ འཁོར་ལམ་ཚུ་ལུ་བརྟེན་པའི་ སའི་ཇོ་བདག་ཚུ་ལུ་ རྒུད་འཐུས་ཐོབ་ལམ་ཡོད་མེད་ཀྱི་ གསུང་གྲོས་གནང་མིའི་སྐོར་ལས་ ཞུ་བ་ཅིན་ འཐུས་མི་ཚུ་གིས་ རྒུད་འཐུས་གནང་དགོ་པ་ཅིན་ གཞུང་ལུ་ སྐུ་གྱོང་སྦོམ་ཕོག་ཟེར་ ཞུ་མི་ལུ་ འོས་ཁུངས་སྦོམ་ཡོད་རུང་ མི་སེར་ཚུ་ལུ་ ཕ་གཞིས་དང་ བཟའ་སྤྱོད་འབད་བཏུབ་མའི་ ས་ཆ་ཚད་གཅིག་ལས་བརྒལ་མེདཔ་ལས་ ས་ཆ་ཌིསི་༡ འཁོར་ལམ་ནང་ཚུད་དེ་འབད་རུང་ རྒུད་འཐུས་དེ་ གཞུང་ལས་ གནང་དགོ་ཟེར་ཞུ་ནི།
འདི་བཟུམ་མའི་ རྒུད་འཐུས་ཀྱི་ ཐོབ་ལམ་མེད་པའི་ཁར་ རང་སོའི་ས་ཆ་ཏོག་ལེབ་གང་ཨིན་རུང་ ལྷན་ཐབས་འབད་དགོ་པ་ཅིན་ ཤེས་ཡོན་ཡོད་མི་ཚུ་གིས་ གཡུས་ཁ་ལུ་ སྡོད་ནི་གི་ སྤྲོ་བ་ཞན་ཏེ་ ཁྲོམ་སྡེ་ནང་ གནས་སྤོ་འོང་པའི་བསྒང་ལས་ མཇུག་མཐའན་མཇུག་ལུ་ གྲོང་གཡུས་སྟོངམ་འཐོན་ནི་གི་ ཉེན་ཁ་ཡོད་ཟེར་ཞུ་ནི།

དེ་ལས་ གྲོང་གསེབ་ལམ་དང་ ཞིང་ལམ་ཚུ་གི་ཐད་ལུ་ ལམ་གཡས་གཡོན་གྱི་ ཐོབ་དབང་ས་ཁོངས་བཞག་དགོཔ་ཅིག་མེད་པའི་ཁར་ འདི་ལྟ་རྟོག་དང་ ལམ་གཡས་གཡོན་ལས་ ཁྱིམ་རྐྱབ་ནིའི་ དབང་ཚད་ཚུ་ ས་གནས་གཞུང་ལུ་ ཕྱིར་སྤེལ་གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།
སེངྒེ་རྡོ་རྗེ། ཆུ་ཁ་རྫོང་ཁག་ཡར་རྒྱས་ཚོགས་འདུའི་ ཁྲི་འཛིན་བགྲེསཔ།

No comments:

Post a Comment