གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ ལཱ་གཡོག་འགྲེམ་སྟོན་ཐེངས་༤ པ་ འགོ་འདྲེན་འཐབ་ཡོདཔ།

༡/༣/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ དགེ་ལེགས་ཕུག་ མི་མང་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ ལུང་ཕྱོགས་ལཱ་གཡོག་འགྲེམ་སྟོན་ཐེངས་༤ པའི་ནང་ ཐོ་བཀོད་དང་འཁྲིལཝ་ད་ ལཱ་གཡོག་འཚོལ་མི་༢༣༤ འཛོམས་ཡོདཔ་ད་ ལཱ་གཡོག་མང་ཤོས་ཅིག་ནང་ ཉམས་མྱོང་དགོ་པའི་སྐོར་ལས་  བཀོད་ཡོད་མི་ལུ་བརྟེན་ ལཱ་གཡོག་འཚོལ་མི་ཚུ་ སེམས་ཕམ་བྱུང་ཡོདཔ་ཨིན་པས།
འགྲེམ་སྟོན་ལས་རིམ་ནང་ འབྲེལ་གཏོགས་འབད་མི་ ན་གཞོན་ཚུ།


སྤྱི་ལོ་༢༠༡༢ ལུ་ རྒྱ་གར་ཤི་ལོང་ མཐོ་རིམ་སློབ་གྲྭ་ཅིག་ནང་ལས་ ཚོང་རིག་གི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྐྱེས་ལོ་༢༧ ལང་མི་ བསོད་ནམས་འཕྲིན་ལས་དེ་ཡང་ ལཱ་གཡོག་འཚོལ་མི་ཚུ་གི་གྲས་ལས་ཅིག་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཤེས་ཚད་དང་བསྟུན་པའི་ ལཱ་གཡོག་ས་སྟོང་ཆ་མཉམ་ནང་ ཉམས་མྱོང་དགོཔ་ཡོད་མི་ལུ་བརྟེན་ ག་ཏེ་ཡང་ འཐོབ་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
གནས་སྐབས་ཅིག་ ལས་འགུལ་ཅིག་ནང་ རྩིས་འཛིན་པ་ཅིག་དང་ མཁོ་སྒྲུབ་འགོ་དཔོན་ལས་རོགསཔ་༢ ཀྱི་དོན་ལུ་ དགོས་མཁོའི་ཚད་གཞི་དང་མ་ལྡན་རུང་ ཡི་གུ་བཙུགས་བཞག་ཡོདཔ་ད་ ལོ་༥ དང་༡༥ འི་བར་ན་ ཉམས་མྱོང་དགོཔ་སྦེ་ བཀོད་ཡོད་ནི་དེ་གིས་ ག་དེ་སྦེ་ཐོབ་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ཚུན་ལུ་ འགྲེམ་སྟོན་ནང་མ་བརྩི་བར་ ལཱ་གཡོག་གི་གདམ་ཁའི་དྲིས་ལན་ཁག་༡༠ དེ་ཅིག་ནང་ བཅའ་མར་ གཏོགས་ཡོད་རུང་ གཅིག་ནང་ཡང་ བཙག་འཐུ་གྲུབ་མ་ཚུགས་ཟེར་ཨིནམ་ད་ མང་ཤོས་ཅིག་ནང་ གདམ་ཁའི་ཐོ་བཀོད་ནང་ར་ ཚུད་མི་ཚུགས་པས་ཟེར་ཨིན་པས།
ལཱ་གཡོག་འཚོལ་མི་ མཐོ་རིམ་སློབ་ཕྲུག་ གཞན་མི་ཅིག་གིས་ སླབ་མིའི་ནང་ ལཱ་གཡོག་གི་དོན་ལུ་ ཉམས་མྱོང་ཚུ་དགོ་པའི་སྐོར་ལས་ གསལ་བསྒྲགས་འབད་བ་ཅིན་ ཐིམ་ཕུ་ལས་ ཟད་འགྲོ་བཏང་སྟེ་ མ་འོངམ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ སློབ་རིམ་༡༠ པ་མཐར་འཁྱོལ་རུང་ གཞུང་གི་སློབ་གྲྭ་ཆེ་བ་ཚུ་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་གོ་སྐབས་ ཐོབ་མ་ཚུགསཔ་ལས་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་སྦེ་ ལོ་༤ དེ་ཅིག་ཕྱག་ཞུ་བའི་ཤུལ་ལུ་ སྒེར་གྱི་སློབ་གྲྭ་ཅིག་ནང་ ལོ་༢ དེ་ཅིག་སློབ་སྟོན་འབད་བའི་ཁར་ འཕྲོ་མཐུད་ཤེས་ཡོན་ལྷབ་སྟེ་ སློབ་རིམ་༡༢ པའི་ ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ལཱ་གཡོག་སོར་ནིའི་དོན་ལུ་ འཚོལ་བ་འོང་ཡོདཔ་ཨིན་པས།
འཇམ་དཔལ་བཟང་མོ་གིས་ ལས་འགུལ་ཅིག་ནང་ ས་སྟོང་ཅིག་གི་དོན་ལུ་ ཞུ་ཡིག་བཙུགས་ཡོད་མི་དེ་ ལཱ་གི་ཉམས་མྱོང་དང་ གློག་རིག་ཀམ་པུས་ཊར་དང་ ཚོང་འབྲེལ་རྩིས་འཛིན་ལ་སོགས་པའི་ སྦྱོང་བརྡར་ཁག་དག་པ་ཅིག་ འབད་ཡོད་ནི་དེ་གིས་ ད་རེས་ ལཱ་གཡོག་ཅིག་ ཐོབ་ཚུགས་པའི་རེ་བ་ བསྐྱེད་དེ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སྒེར་སྡེ་ནང་ དངུལ་ཕོགས་ཚུ་ ལོ་བསྟར་ཡར་སེང་འབད་ནི་མེད་པའི་ཁར་ ཟུར་ཕོགས་ཀྱི་རིམ་ལུགས་ཡང་ མེདཔ་མ་ཚད་ དངུལ་ཕོགས་ཉུངམ་སྦེ་ཡོད་མི་ལུ་བརྟེན་ དཀའ་ངལ་ཡོདཔ་ལས་ འདས་པའི་ཉམས་མྱོང་དང་ སྦྱོང་བརྡར་ཚུ་ལུ་བརྟེན་ ལཱ་གཡོག་ ཐོབ་ཚུགས་པའི་རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཉིནམ་ཅིག་གི་འགྲེམ་སྟོན་ལས་རིམ་ནང་ ལཱ་གཡོག་བྱིན་མི་ བཀྲ་ཤིས་སྒང་དང་ བཀྲ་ཤིས་གཡང་རྩེ་ བུམ་ཐང་ ཐིམ་ཕུ་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་ནང་ལས་ གཞུང་དང་ སྒེར་གྱི་ལས་སྡེ་༢༦ གིས་ བཅའ་མར་གཏོགས་མིའི་གྲས་ལས་༩ དགེ་ལེགས་ཕུག་ལས་ཨིན་པས།
ལཱ་གཡོག་ས་སྟོང་ཚུ་གི་གྲས་ལས་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་༦ དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་ཡོདཔ་ཨིན་པས།
རྒྱ་གར་གྱི་ཁག་འབགཔ་ ཇའི་པཱར་ཀཱཤི་ གེ་མཱོན་དང་ པི་ཨི་ཨེསི་ཨིན་ཇི་ནི་ཡརསི་ དེ་ལས་ མར་ཏི་ཨིན་དྲི་ཡ་ལ་སོགས་པའི་ ལས་སྡེ་༤ དང་ ལས་ཛིན་དང་ སྒེར་སྡེ་ཚུ་ཡང་ཡོདཔ་ཨིན་པས།
ལཱ་གཡོག་བྱིན་མི་ལས་སྡེ་ཚུ་ནང་ བསྡོམས་ཀྱིས་ ས་སྟོང་༡༢༡༢ དང་ སྦྱོང་བརྡར་གྱི་གོ་སྐབས་༦༡༨ ཡོདཔ་ཨིན་པས།
ཁོང་གིས་ སླབ་མིའི་ནང་ མ་གཞི་ལས་འགུལ་ཚུ་ནང་ ཐད་ཀར་དུ་ལཱ་འབད་ཚུགས་མི་ ཉམས་མྱོང་ཅན་ཚུ་བཙུགས་ནིའི་འཆར་གཞི་ཡོད་རུང་ ཤེས་ཚད་ཡོད་མི་རེ་གཉིས་ལུ་ཡང་ གོ་སྐབས་བྱིན་དགོཔ་འདུག་ཟེར་ཨིན་པས།
ལཱ་གཡོག་འགྲེམ་སྟོན་དེ་ ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ འགོ་འབྱེད་གནང་ཡོདཔ་ད་ བློན་པོ་གིས་ ལཱ་གཡོག་འཚོལ་མི་ཚུ་ལུ་གསུངས་མིའི་ནང་ འགྲེམ་སྟོན་གྱི་དམིགས་ཡུལ་གཙོ་བོ་ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་བྱིན་མི་༢ ཁང་མིག་ཅིག་ནང་ འཛོམས་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལཱ་གཡོག་འཚོལ་མི་ཚུ་གིས་ ལཱ་གཡོག་ག་ཅི་ཡོད་མི་དེ་ལུ་ སྤྲོ་བ་བསྐྱེད་པ་ཅིན་ ལཱ་གཡོག་ལེ་ཤ་འཐོབ་ནིའི་གོ་སྐབས་ ཡོད་ཟེར་གསུངས་ཡི།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༣ དང་༢༠༢༠ གི་བར་ན་ ལས་འགུལ་སྦོམ་༧ འགོ་བཙུགས་ནི་ཨིན་མི་དེ་གིས་ ལཱ་གཡོག་གི་གོ་སྐབས་ཚུ་ ཧེང་སྐལ་ར་ ཡར་སེང་རྐྱབ་འོང་ཟེར་གསུངས་ཡི།
འགྲེམ་སྟོན་ལས་རིམ་ནང་ བརྒྱུད་འབྲེལ་བློན་པོ་ ནཱན་དཱ་ལཱལ་རའི་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment